རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-09   རྩོམ་ཁུངས།    ཞིན་ཧྭ་དྲ་བ།
ཞི་ཅིན་ཕིང་གིས་བསམ་བློ་རིག་གནས་དྲིལ་སྒྲོག་བྱ་བར་མཛུབ་སྟོན་གལ་ཆེན་གནང་སྟེ།
རིག་གནས་ཀྱི་ཡིད་རྟོན་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། སྒོ་འབྱེད་ཁོང་ཡངས་དང་བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བྱས་ནས།
ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་བསམ་བློའི་སྟེང་གི་འགན་ལེན་བརྟན་པོ་དང་བསམ་པའི་སྟོབས་ཤུགས་ཆེན་པོ། རིག་གནས་ཀྱི་ཆ་རྐྱེན་བཟང་པོ་བཅས་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།
ཚའེ་ཆི་རྒྱལ་ཡོངས་བསམ་བློ་རིག་གནས་དྲིལ་སྒྲོག་བྱ་བའི་ཚོགས་འདུར་ཞུགས་ཏེ་གསུང་བཤད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བསམ་བློ་རིག་གནས་དྲིལ་སྒྲོག་བྱ་བར་མཛུབ་སྟོན་གལ་ཆེན་གནང་ནས། བསམ་བློ་རིག་གནས་དྲིལ་སྒྲོག་བྱ་བ་དེ་ཏང་གི་མདུན་ལམ་དང་ལས་དབང་ལ་ཐད་ཀར་འབྲེལ་བ་ཡོད་ཅིང་། རྒྱལ་ཁབ་ཡུན་སྐྱོང་བདེ་འགོད་དང་འབྲེལ་བ་ཡོད་ལ། མི་རིགས་ཚང་མ་གོང་བུར་འགྲིལ་ཤུགས་དང་བློ་ཁ་གཅིག་ཏུ་ཕྱོགས་ཤུགས་དང་འབྲེལ་བ་ངེས་ཅན་ཡོད་པའི་དབང་གིས། དེ་ནི་གལ་འགངས་ཤིན་ཏུ་ཆེ་བའི་ལས་དོན་ཞིག་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་བསམ་བློ་རིག་གནས་དྲིལ་སྒྲོག་བྱ་བར་མ་ལག་ཚང་བའི་སྒོ་ནས་ཇུས་འགོད་དང་བཀོད་སྒྲིག་བྱས་པ་དང་། དུས་རབས་གསར་པའི་བསམ་བློ་རིག་གནས་དྲིལ་སྒྲོག་བྱ་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་བ་ལས་གཞན། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་གནས་བབ་ལ་ཕྱོགས་ཡོངས་དང་རྩ་བའི་རང་བཞིན་གྱི་སྒོ་ནས་འགྱུར་ལྡོག་བཏང་བར་མ་ཟད། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱི་རིག་གནས་ཀྱི་ཡིད་རྟོན་མངོན་གསལ་སྒོས་ཆེ་རུ་བཏང་བ་དང་བསམ་པའི་ཉམས་སྣང་སྔར་ལས་ལེགས་ལམ་དུ་འཕེལ་བར་སྣ་སྒོ་མོ་སོ་སོ་ནས་འབད་འབུངས་ཡར་བརྩོན་བྱས་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ། འཛམ་གླིང་གི་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་ངང་འཕེལ་བཞིན་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པའི་དབང་གིས། འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁའི་འགྲན་སློང་མཉམ་དུ་གནས་ཡོད་ཅིང་། དེ་བསྟུན་བསམ་བློ་རིག་གནས་དྲིལ་སྒྲོག་བྱ་བར་གནས་བབ་གསར་པ་དང་ལས་འགན་གསར་པར་འཕྲད་ཡོད་པས། དེར་ངེས་པར་དུ་ཉམས་སྣང་གསར་པ་དང་བྱས་རྗེས་གསར་པ་ཡོད་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱ་རྒྱུ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། ཏང་གི་གཞུང་ལུགས་གསར་གཏོད་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དང་མི་དམངས་ལ་སློབ་གསོ་གཏོང་བའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་དེར་དམ་པོར་དམིགས་ཏེ། ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་པའི་སྟེང་དུ་རིག་གནས་དར་རྒྱས་ཡོང་བར་མུ་མཐུད་སྐུལ་འདེད་གཏོང་བ་དང་རིག་གནས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་རིག་འཛུགས་སྐྲུན་གྱི་རིག་གནས་ལས་འགན་གསར་པར་དམ་པོར་དམིགས་པ། རིག་གནས་ཀྱི་ཡིད་རྟོན་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་སྒོ་འབྱེད་ཁོང་ཡངས་རྒྱུན་འཁྱོངས་བྱེད་པ། བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བྱེད་པ། ཏང་གིས་བསམ་བློ་དྲིལ་སྒྲོག་བྱ་བར་མགོ་ཁྲིད་བྱེད་པར་ཤུགས་སྣོན་པ། གོང་བུར་འགྲིལ་ཤུགས་དང་སྣེ་ཁྲིད་ནུས་པ་ཆེན་པོ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་བསྐྲུན་པར་ཤུགས་རྒྱག་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་བསྟར་ཐད་ཤུགས་སྣོན་པ། གསར་འགྱུར་གླེང་ཕྱོགས་ཀྱི་བརྒྱུད་སྤེལ་ནུས་པ་དང་ཤུགས་རྐྱེན་ནུས་པ་ཆེ་རུ་གཏོང་བར་ཤུགས་སྣོན་པ། ཀྲུང་ཧྭའི་ཤེས་རིག་གི་འཕར་རྩ་རྒྱུན་མཐུད་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་ཚུལ་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་པ། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་པ། རྒྱལ་སྤྱིའི་བརྒྱུད་སྒྲོག་ནུས་པ་འཛུགས་སྐྲུན་དང་ཤེས་རིག་བརྗེ་རེས་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་པ། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་གསོན་ཤུགས་ལ་སྐུལ་འདེད་གང་ལེགས་གཏོང་བ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་སྒོས་ཐུན་མོང་གི་བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་བ། རྒྱལ་ཁབ་རིག་གནས་ཀྱི་མཉེན་ཤུགས་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད། བསམ་བློའི་སྟེང་གི་འགན་ལེན་བརྟན་པོ་དང་བསམ་པའི་སྟོབས་ཤུགས་ཆེན་པོ། རིག་གནས་ཀྱི་ཆ་རྐྱེན་བཟང་པོ་བཅས་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་བསམ་བློ་རིག་གནས་དྲིལ་སྒྲོག་བྱ་བ་ཡག་པོ་བསྒྲུབ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩིས་ནས་ཕྲག་སྟེང་དུ་ཁུར་ཏེ། ཏང་ཀྲུང་དབྱང་གི་རིག་གནས་འཛུགས་སྐྲུན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས། རིམ་པ་སོ་སོའི་རིག་གནས་དྲིལ་སྒྲོག་སྡེ་ཁག་གིས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། བཅོས་བསྒྱུར་གསར་གཏོད་བྱེད་ཕོད་པ། འཐབ་རྩོད་བྱེད་ཕོད་པ་བཅས་བྱས་ཏེ། དུས་རབས་གསར་པའི་བསམ་བློ་རིག་གནས་དྲིལ་སྒྲོག་བྱ་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་དགོས་ཞེས་ནན་གྱིས་གསུངས།
རྒྱལ་ཡོངས་ཀྱི་བསམ་བློ་རིག་གནས་དྲིལ་སྒྲོག་བྱ་བའི་ཚོགས་འདུ་ཟླ10པའི་ཚེས7ཉིན་ནས་ཚེས8ཉིན་བར་པེ་ཅིན་དུ་བསྡུས་པ་དང་། ཚོགས་འདུའི་སྟེང་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཚོགས་འདུར་ཞུགས་ཏེ་གསུང་བཤད་གནང་།
ཟླ10བའི་ཚེས7ཉིན་ནས་ཚེས8ཉིན་བར། རྒྱལ་ཡོངས་བསམ་བློ་རིག་གནས་དྲིལ་སྒྲོག་བྱ་བའི་ཚོགས་འདུ་པེ་ཅིན་དུ་བསྡུས་པ་དང་། ཚོགས་འདུའི་སྟེང་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་ནམ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཚོགས་འདུར་ཞུགས་ཏེ་གསུང་བཤད་གནང་།
གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དེ་གཟིགས་རྒྱང་རིང་ལ་གཏིང་ཟབ་པ་དང་། ཆབ་སྲིད་ཀྱི་རང་བཞིན་དང་བསམ་བློའི་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ཆེན་པོ་ལྡན་པས། བསམ་བློ་རིག་གནས་དྲིལ་སྒྲོག་བྱ་བ་སྔར་ལས་ཡག་པོ་བསྒྲུབ་པར་ཁ་ཕྱོགས་གསལ་བོ་བསྟན་ཡོད་པའི་དབང་གིས། ང་ཚོས་ངེས་པར་དུ་དགོངས་པ་དེར་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས་ཞེས་བསྟན།
གྲོས་ཚོགས་ལས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བསམ་བློ་རིག་གནས་དྲིལ་སྒྲོག་བྱ་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་ཆེས་གཞི་རྩ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསམ་བློ་རིག་གནས་དྲིལ་སྒྲོག་བྱ་བའི་ཐད་ཕྱོགས་སྟོན་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་སྟོན་ཡོད་པའི་དབང་གིས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་རིག་གནས་དར་སྤེལ་ཐད་ཀྱི་དགོངས་པ་གསར་པ་དང་ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་ཀྱི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པོ་ཡིན་པ་དང་རྒྱས་བཤད་ཧ་ཅང་གཏིང་ཟབ་མོ་ཡིན་པས། དེ་ནི་དུས་རབས་གསར་པའི་ཏང་གིས་རིག་གནས་འཛུགས་སྐྲུན་ལ་མགོ་ཁྲིད་བྱེད་པའི་ལག་ལེན་དང་ཉམས་མྱོང་གི་རིགས་པའི་གཞུང་ལུགས་ཀྱི་ཕྱོགས་སྡོམ་ཞིག་ཡིན་པ་དང་། མར་ཁེ་སིའི་རིང་ལུགས་ཀྱི་རིག་གནས་གཞུང་ལུགས་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་འཕེལ་རྒྱས་སུ་བཏང་བ་ཞིག་ཡིན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པའི་རིག་གནས་ཀྱི་ལེའུ་ཞིག་རིམ་པར་གྲུབ་པ་དང་རིག་གནས་ཀྱི་བསམ་བློ་ཞིག་ངང་གིས་ཆགས་ཡོད་པར་བསྟན།
གྲོས་ཚོགས་ལས་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་རིག་གནས་གཞུང་ལུགས་ལྟ་བའི་ངོས་ཀྱི་གསར་གཏོད་དང་ཐོད་བརྒལ་ཡོད་ལ། རིག་གནས་ལས་དོན་བཀོད་སྒྲིག་ཐད་ཀྱི་བཀོད་སྒྲིག་བླང་བྱ་ཡང་ཁ་གསལ་ཡོད་པ་དེའི་སྟེང་ནས་བཤད་ན། རང་རེའི་ཏང་གི་ལོ་རྒྱུས་ཀྱི་ཡིད་རྟོན་དང་རིག་གནས་ཀྱི་ཡིད་རྟོན་སྔར་དང་མི་འདྲ་བར་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་མངོན་པར་མཚོན་ཡོད་པར་མ་ཟད། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་སྤེལ་གཏོང་བའི་ཁྲོད་དུ་སྟོབས་ཤུགས་རླབས་ཆེན་མངོན་ཏེ། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི་བསམ་བློ་རིག་གནས་དྲིལ་སྒྲོག་བྱ་བ་ཡག་པོར་སྒྲུབ་པ་དང་། རིག་གནས་ཀྱི་ལས་འགན་གསར་པ་འཁུར་ཆེད་བསམ་བློའི་དྲག་ཆས་སྟོབས་ཆེན་དང་ཚན་རིག་དང་མཐུན་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ནི་རྒྱུན་ཆད་མེད་པར་ཁྱབ་སྤེལ་གཏོང་བ་དང་སྒོ་འབྱེད་ཅན་གྱི་བསམ་བློའི་མ་ལག་ཅིག་ཡིན་པས། ལག་ལེན་དང་བསྟུན་ནས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་འགྲོ་ངེས་གཏན་ཡིན། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང“ཡིད་ཆེས་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ་བཅས་བྱས་ཏེ། ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་དང་ཞིབ་འཇུག འཆད་འགྲེལ་བཅས་བྱེད་པར་མུ་མཐུད་ཤུགས་སྣོན་པ་དང་། རང་རྟོགས་སྒོས་བསམ་བློ་རིག་གནས་དྲིལ་སྒྲོག་བྱ་བ་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་ལག་བསྟར་དོན་འཁྱོལ་བྱེད་དགོས་ཞེས་བཏོན།
གྲོས་ཚོགས་ལས་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པར་དམ་པོར་དམིགས་རྒྱུ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་རིག་གནས་འཛུགས་སྐྲུན་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པར་དམ་པོར་དམིགས་པ། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི་བསམ་བློ་རིག་གནས་དྲིལ་སྒྲོག་བྱ་བ་ཡག་པོར་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་ནས། ལས་དོན་སོ་སོ་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས། རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པས་མི་སེམས་གོང་བུར་འགྲིལ་བར་བྱེད་པ་དང་། སློབ་སྦྱོང་ངོ་མ་བྱས་ནས་རང་རྒྱུད་དུ་ལེན་ཐུབ་པར་ཤུགས་སྣོན་དགོས། འབད་འབུངས་ཡར་བརྩོན་སྒོས་དུས་རབས་གསར་པའི་གཙོ་རྒྱུགས་བསམ་བློའི་གླེང་ཕྱོགས་སྔར་ལས་སྲ་བརྟན་དང་སྟོབས་ལྡན་དུ་གཏོང་བ་དང་ཡིད་ཆེས་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས། དྲང་ཕྱོགས་ཀྱི་དྲིལ་སྒྲོག་ལ་ཤུགས་བསྣན་ཏེ་གླེང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ་ཆེ་རུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་ལེན་རྒྱ་ཁྱབ་བྱ་རྒྱུ་དང་གསར་གཏོད་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལས་དོན་ལེགས་བཅོས་བྱེད་དགོས། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པར་སྐུལ་འདེད་གཏོང་དགོས། ཕྱི་ཕྱོགས་ལ་དྲིལ་སྒྲོག་བྱེད་པའི་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱས་ནས། ཀྲུང་ཧྭའི་ཤེས་རིག་གི་ཁྱབ་སྤེལ་བྱེད་ནུས་དང་བག་ཆགས་འཇོག་ནུས་མངོན་སུམ་ཆེ་རུ་གཏོང་དགོས། འདུ་ཤེས་འཛིན་སྟངས་ཀྱི་ཉེན་ཁ་འགོག་ཟོན་མཐའ་གཅིག་ཏུ་བྱས་ནས། འཐབ་རྩོད་བྱེད་ཕོད་དགོས། ཏང་གིས་བསམ་བློ་རིག་གནས་དྲིལ་སྒྲོག་ལས་དོན་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་པར་ཤུགས་སྣོན་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པ། བཅོས་བསྒྱུར་གསར་གཏོད་བྱེད་ཕོད་པ། ཁྲིམས་སྐྱོང་གི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ལས་བྱེད་པ་དང་འཇོན་མིའི་དཔུང་སྡེ་སྟོབས་ལྡན་དུ་གཏོང་བ་བཅས་བྱས་ནས། རིག་གནས་ཀྱི་ལས་འགན་གསར་པ་འཁུར་ཆེད་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་ལས་འགན་དང་བླང་བྱ་ཁག་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། བྱ་བའི་འཇོན་ཐང་དང་འཇོན་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། བྱ་བའི་སྤུས་ཚད་དང་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་སྤེལ་བའི་འབད་འཐབ་དང་ལག་ལེན་དངོས་ཀྱི་ཁྲོད་དུ་བྱས་རྗེས་གསར་པ་འཇོག་པ་དང་ཉམས་སྣང་གསར་པ་མངོན་དགོས་ཞེས་ནན་གྱིས་གསུངས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལི་ཧྲུའུ་ལེ་ཡིས་བྱ་བར་བཀོད་སྒྲིག་བྱས།
ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་དང་མི་དམངས་ཉིན་རེའི་ཚགས་པར་ཁང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་། པེ་ཅིན་གྲོང་ཁྱེར་ཏང་ཨུའི་དྲིལ་སྒྲོག་པུའུ། སི་ཁྲོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་གནང་།
ཐའེ་ཉིང་དང་ཧྲིན་དབྱི་ཆིན་ཚོགས་འདུར་ཞུགས།
ཀྲུང་དབྱང་གི་བསམ་བློ་རིག་གནས་དྲིལ་སྒྲོག་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་དང་། འཆར་གཞི་ལོགས་བཀོད་གྲོང་ཁྱེར་དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་། ཀྲུང་དབྱང་གི་དྲིལ་སྒྲོག་རིག་གནས་ཁོངས་གཏོགས་ཀྱི་ལས་ཁུངས་སོ་སོ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་གི་དོ་དམ་དངུལ་རྩའི་སྒྲིག་གཞི་དང་ཁེ་ལས། མཐོ་རིམ་སློབ་ཆེན་འགའ་ཤས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས། །