རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
“སློབ་གྲྭར་ཞག་སྡོད་བྱས་རྗེས་ང་ལ་སློབ་གྲོགས་ཚོ་དང་འབྲེལ་འདྲིས་བྱེད་པའི་དུས་ཚོད་དེ་བས་མང་བ་བྱུང་ཡོད། སློབ་སྦྱོང་ཐད་དཀའ་ངལ་འཕྲད་ཚེ་དགེ་རྒན་ལ་བཀའ་འདྲི་ཞུས་ནས་སློབ་སྦྱོང་དང་འཚོ་བའི་ཐད་གྲུབ་འབྲས་མང་པོ་ཐོབ་པ་མ་ཟད། ད་དུང་ཁྱིམ་ཚང་གི་ཁུར་པོ་ཡང་དུ་ཕྱིན་སོང་ཞེས་བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་དུ་སློབ་སྦྱོང་བྱེད་བཞིན་པའི་མཐོ་རིམ་ལོ་རིམ་གསུམ་པའི་སློབ་མ་བསོད་ནམས་སྒྲོལ་མས་འདི་ལྟར་བཤད་བྱུང་།
བསོད་ནམས་སྒྲོལ་མའི་ཁྱིམ་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཉི་ཤར་གྲོང་ཚོར་ཡོད་པ་དང་། ཞིང་འབྲོག་པའི་ཁྱིམ་ཚང་མང་ཆེ་བ་དང་འདྲ་བར་ཁོང་གི་སྤོ་བོ་ལགས་དང་རྨོ་བོ་ལགས་ཀྱིས་ལོ་ལྟར་འབྲོག་རར་ཕྱུགས་འཚོ་གི་ཡོད་པ་དང་ཕ་མ་གཉིས་པོས་ཁྱིམ་དུ་ཞིང་ལས་བྱེད་པའམ་ཡང་ན་ཕྱིར་གླ་པར་བསྐྱོད་དེ་ཕྲུ་གུ་སློབ་གྲྭར་གཏོང་གི་ཡོད་པས་གཟའ་མཇུག་གམ་ཡང་ན་དུས་ཆེན་དང་ངལ་གསོའི་དུས་སུ་གཞི་ནས་ཕྲུ་གུ་ཁྱིམ་དུ་བསུ་གི་ཡོད།
ཁུལ་བོད་ཡིག་སློབ་འབྲིང་ནི་ཡུན་ནན་ཞིང་ཆེན་དུ་བོད་རྒྱ་སྐད་ཡིག་གཉིས་ཀྱི་སློབ་ཁྲིད་བྱེད་པའི་སློབ་འབྲིང་ཁོ་ན་དེ་ཡིན་པ་དང་དེ་གའི་སློབ་མ་ནི་ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ་ཁག་གི་བོད་རིགས་དང་། ལི་སུའུ་རིགས། རྒྱ་རིགས།འཇང་རིགས། པའེ་རིགས། དབྱིས་རིགས་སོགས་ཀྱི་ཁྱིམ་ཚང་ནས་ཡོང་བ་དང་། ད་དུང་གྲོང་ཁྱེར་དང་གྲོང་རྡལ་གྱི་བུ་ཕྲུག་ཉུང་ཤས་ཤིག་ཡོད་པ་དེས་སློབ་གྲྭའི་གྲངས་ཉུང་མི་རིགས་ཀྱི་སློབ་མའི་གྲངས་ཁ་ལས་97%བཟུང་བ་དང་ཞིང་འབྲོག་པའི་བུ་ཕྲུག་གིས་98%བཟུང་ཡོད།
སློབ་གྲྭར་བསྐྱོད་སྐབས་པར་རིས་དང་ཡི་གེའི་ཆ་འཕྲིན་ཐོག་ཁང་དང་། ཕྱོགས་བསྡུས་སློབ་ཁྲིད་ཐོག་ཁང་། ལུས་རྩལ་ཁང་། བོད་ཀྱི་རིག་གནས་ཞིབ་འཇུག་ལྟེ་གནས། སློབ་མའི་ཉལ་ཁང་། སློབ་མའི་ཟ་ཁང་། ཚད་ལྡན་ལུས་རྩལ་ཐང་སོགས་མཁྲེགས་ཆས་སྒྲིག་བཀོད་ཆ་ཚང་ཡོད་པ་མ་ཟད། དཔེ་དེབ་ཀློག་པའི་སྒྲ་དང་། ལུས་རྩལ་ཐང་ཐོག་གི་དགོད་སྒྲ་དང་སློབ་གྲྭའི་རླུང་འཕྲིན་གྱི་སྒྲ་ཡང་ཡང་རྣ་ལམ་དུ་ཐོས་ཡོང་།
རྒྱ་ཡིག་དང་། ཨང་རྩིས། དབྱིན་ཡིག བོད་ཡིག དངོས་ཁམས། རྫས་འགྱུར་རིག་པ། སྐྱེ་དངོས། ཆབ་སྲིད། ལོ་རྒྱུས། ས་ཁམས། སྒྲ་བརྙན་མཛེས་རྩལ་སོགས་རྒྱུན་གཏན་གྱི་སློབ་ཚན་ཡོད་པ་ཕུད། སློབ་གྲྭས་ད་དུང་སློབ་མ་སྒྲིག་འཛུགས་བྱས་ནས་དགོང་ལྟར་གསར་འགྱུར་མཉམ་བསྒྲགས་ལ་ལྟ་བ་དང་ལོ་ལྟར་ལུས་རྩལ་འགྲན་ཚོགས་དང་མཉམ་སྤྲོའི་མཚན་ཚོགས་སོགས་ཀྱི་བྱེད་སྒོ་སྤེལ་གྱི་ཡོད།
བུ་ཕྲུག་སློབ་གྲྭར་བཞག་ན་ང་ཚོ་བློ་བདེ་པོ་འདུག བྱ་བ་གང་ཞིག་དགེ་རྒན་གྱིས་དུས་ཐོག་ཏུ་ང་ཚོ་དང་འབྲེལ་གཏུག་བྱེད་པ་དང་། བུ་ཕྲུག་ཁྱིམ་དུ་ལོག་རྗེས་ད་དུང་རང་འགུལ་ངང་ཁྱིམ་ལས་བྱེད་རོགས་བྱེད་པ། རང་ཚུགས་དང་། རང་གཅུན། སྤྱི་ཚོགས་དང་འབྲེལ་གཏུག་བཅས་ཀྱི་ནུས་པ་ཆེ་རུ་ཕྱིན་ཡོད་ཅེས་སློབ་མའི་ཁྱིམ་བདག་བསོད་ནམས་ཕུན་ཚོགས་ཀྱིས་བཤད་བྱུང་།
ཁྱིམ་བདག་རྣམ་པའི་སེམས་ལྷོད་ལ་འབབ་ཆེད། འཛིན་བདག་དང་སློབ་ཁྲིད་དགེ་རྒན་ཚོས་སློབ་མའི་ཕྱོགས་སོ་སོར་སེམས་ནུས་དེ་བས་མང་བ་བཏོན་ཏེ་སློབ་སྦྱོང་དང་། འཚོ་བ། སེམས་ཁམས་བཅས་ཀྱི་ཐད་ནས་སློབ་མ་མི་རེ་ངོ་རེར་ཕྱོགས་ཡོངས་ནས་དོ་ཁུར་བྱེད་ཀྱི་ཡོད། བོད་ཡིག་གི་དགེ་རྒན་དང་འཛིན་བདག་ཚེ་རིང་གཡང་འཛོམས་ལ་མཚོན་ན། ཟ་འདུག་གཉིས་ཀར་སློབ་གྲྭའི་ནང་དུ་རོལ་གྱི་ཡོད་པ་དང་། ཉིན་རེའི་ཞོགས་པའི་ཆུ་ཚོད་5དང་སྐར་མ་40ཡི་ཐོག་སློབ་མའི་ཉལ་ཁང་དུ་སློབ་ཕྲུག་མལ་ལས་ལངས་པ་དང་ནང་ལས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱེད་པར་འགྲོ་གི་ཡོད། དེ་རྗེས་སློབ་ཕྲུག་དང་མཉམ་དུ་ཞོགས་སྦྱོང་ལུས་སྦྱོང་བྱས་ཏེ་སློབ་ཕྲུག་གི་སློབ་ཚན་དང་རང་སྦྱོང་ལ་ལྟ་སྐུལ་བྱས་ནས་དགོང་མོའི་ཆུ་ཚོད་11ཐོག་སློབ་མ་ཚོ་གཉིད་ཁུག་རྗེས་གཞི་ནས་ངལ་གསོ་རྒྱག་གི་ཡོད། ཁོ་མོས་བཤད་ན། བརྒྱུད་རིམ་ཧྲིལ་པོར་མཉམ་འགྲོགས་བྱས་ཏེ་ཕྱོགས་གཅིག་ནས་སློབ་མའི་སློབ་སྦྱོང་དང་བདེ་འཇགས་འགན་ལེན་བྱེད་ཀྱི་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་སློབ་མའི་རྒྱུན་གཏན་གྱི་འཚོ་བའམ་ཡང་ན་སེམས་ཁམས་ཐད་ཀྱི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་བྱས་ནས་ཐག་གཅོད་བྱེད་རོགས་བྱེད་ཀྱི་ཡོད་ཅེས་ཟེར།
དེ་བས་ལེགས་པའི་སྒོ་ནས་སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་རོགས་རམ་བྱ་ཆེད། ཁུལ་བོད་ཡིག་སློབ་འབྲིང་གིས་སློབ་མ་འཚར་ལོངས་ཀྱི་སློབ་དཔོན་ལམ་ལུགས་ལག་ལེན་བསྟར་ནས་ཏང་ཡོན་དགེ་རྒན་ཆ་སྒྲིག་རོགས་སྐྱོར་བྱས་ཏེ་སློབ་མ་འཚར་ལོངས་ཡོང་རྒྱུར་རོགས་རམ་བྱེད་པའི“ཉི་མ་མེ་ཏོག”རྣམ་གྲངས་ལག་ལེན་དུ་བསྟར་ཞིང་། སློབ་གྲྭ་ཡོངས་ཀྱི་ཏང་ཡོན་དགེ་རྒན་མི་རེ་ངོ་རེས་སློབ་མ་ཁ་ཤས་ལ་ཆ་སྒྲིག་རོགས་སྐྱོར་བྱས་ནས་བསམ་བློའི་ཁྲིད་སྟོན་དང་། སློབ་སྦྱོང་ཟུར་ཁྲིད། བདེ་འཇགས་སློབ་ཁྲིད། སེམས་ཁམས་ཁྲིད་སྟོན། འཚོ་བའི་མཛུབ་ཁྲིད། ཁྱིམ་ཚང་དང་སློབ་གྲྭ་ཐུན་མོང་ཐོག་ཁྲིད་སྟོན་བཅས་ཀྱི་བྱ་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་སྟངས་ལག་ལེན་དུ་བསྟར་ཏེ་ཆ་སྒྲིག་སློབ་མས་སློབ་སྦྱོང་མཐོར་གཏོང་དང་། སེམས་ཁམས་བདེ་ཐང་། ཕྱོགས་ཡོངས་ནས་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་ཡོད།
མིག་སྔར་རང་ཁུལ་གྱིས་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་39བཙུགས་ནས་སློབ་གཉེར་ཆ་རྐྱེན་ཇེ་ལེགས་སུ་བཏང་བ་དང་། ལོ་15རིང་གི་སློབ་ཡོན་མི་དགོས་པའི་སློབ་གསོའི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཡོད། སློབ་གྲྭའི་ཞག་སྡོད་ལམ་ལུགས་ཀྱི་དོ་དམ་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་བཅས་བྱས་ནས་ཁྱིམ་བདག་ཚོ་བློ་བདེ་བ་དང་། སློབ་མ་ཚོ་སེམས་སྐྱིད་པ། མང་ཚོགས་བློ་ཡིད་ཚིམ་པོ་བྱུང་བ་བཅས་བྱས་ཡོད།