གེ་སར་སྒྲུང་པའི་བརྙན་དེབ་ཆེ་གྲས་ཐོག་མ་འདི་བཏོན་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-16   རྩོམ་ཁུངས།    中央广播电视总台藏语

        2023ལོའི་ཟླ་10ཚེས་15ཉིན་གྱི་ཆུ་ཚོད་13ཙམ་ལ་《ཀྲུང་གོའི་གེ་སར་སྒྲུང་པའི་བརྙན་དེབ》(བོད་རྒྱ་ཤན་སྦྱར)ཀྱི་དེབ་གསར་བགྲོ་གླེང་བྱེད་སྒོ་དེ་སི་ཁྲོན་ཁྲེང་ཏུའུ་གྲོང་ཁྱེར་ཐེན་ཧྥུ་དཔེ་ཆ་འགྲེམ་སྟོན་ཁང་དུ་གཟབ་རྒྱས་ངང་གཉེར་བ་དང་། ས་ཕྱོགས་ཁག་ནས་ཕེབས་པའི་སྐུ་མགྲོན་དང་མི་རིགས་ཁག་གི་དཔེ་ཀློག་ལ་དགའ་པོ་བྱེད་མཁན། གསར་འགྱུར་སྨྱན་སྦྱོར་ཚན་པའི་གསར་འགོད་པ་སོགས་ཁྱོན་མི་100ལྷག་ཡུལ་དངོས་ཀྱི་བྱེད་སྒོའི་ནང་དགའ་འཛོམས་བྱས་ཡོད། 

        《ཀྲུང་གོའི་གེ་སར་སྒྲུང་པའི་བརྙན་དེབ》ཅེས་པའི་དཔེ་དེབ་འདི་ནི་ཀྲུང་དབྱང་གྲངས་ཉུང་མི་རིགས་དང་མཐའ་མཚམས་ས་ཁུལ་གྱི་རིག་གནས་བདེ་འཇགས་ཆེད་སྤྱོད་མ་དངུལ་གྱི་རོགས་སྐྱོར་རྣམ་གྲངས་དང་། སི་ཁྲོན་ཞིང་ཆེན་གྱི་2020ལོ་ནས་2021ལོའི་ལོ་འཁོར་གྱི་གཙོ་གནད་དཔེ་སྐྲུན་འཆར་འགོད་རྣམ་གྲངས་ཀྱི་ཁོངས་སུ་གཏོགས་པ་ཞིག་ཡིན་ལ། གེ་སར་ཞིབ་འཇུག་མཁས་ཅན་འཇམ་དཔལ་རྒྱ་མཚོ་དང་སུན་མིང་ཀོང་རྣམ་གཉིས་ཀྱིས་རྩོམ་སྒྲིག་གནང་ཞིང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་ཞིག་རེད།


        ད་ཐེངས་ཀྱི་དེབ་གསར་བགྲོ་གླེང་གི་བྱེད་སྒོའི་ཐོག ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རྩོམ་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ། གེ་སར་རིག་གནས་ཀྱི་ཞིབ་འཇུག་པ་འཇམ་དཔལ་རྒྱ་མཚོ་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་འཛིན་ཨ་སྔགས་ཚེ་རིང་བཀྲ་ཤིས། དེ་བཞིན་གེ་སར་རིག་གནས་ལ་དགའ་པོ་བྱེད་མཁན་ཧུང་ཞའོ་སོགས་ཀྱིས་སྔ་རྗེས་སུ་གེ་སར་རིག་གནས་རྒྱུན་འཛིན་དང་གེ་སར་སྒྲུང་པའི་རིན་ཐང་། དེ་བཞིན་དཔེ་དེབ་འདི་དཔེ་སྐྲུན་འགྲེམས་སྤེལ་བྱེད་པའི་དངོས་ཡོད་ཀྱི་དོན་སྙིང་སོགས་ཀྱི་ཐད་ནས་གསུང་བཤད་གལ་ཆེན་དང་གནས་ཚུལ་ལྷུག་གླེང་གནང་ཡོད།



        འཇམ་དཔལ་རྒྱ་མཚོས་གསུང་བཤད་གནང་སྐབས་གེ་སར་སྒྲུང་པ་ནི་ལོ་རྒྱུས་སྙན་ངག་ཐད་ཀར་གསར་གཏོད་བྱེད་མཁན་དང་། ལྷག་བསམ་རྣམ་དག་གི་རྒྱུན་འཛིན་པ། སྤྲོ་སེམས་ཆེ་ཤོས་ཀྱི་ཁྱབ་སྤེལ་མཁན་བཅས་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གསར་གཏོད་བྱེད་མཁན་དང་རྒྱུན་འཛིན་བྱེད་མཁན་ཡིན་ལ་དུས་རབས་ཀྱི་མཆོག་ནོར་ཞིག་ཀྱང་རེད། ད་ཐེངས་《ཀྲུང་གོའི་གེ་སར་སྒྲུང་པའི་བརྙན་དེབ》འདི་དཔེ་སྐྲུན་འགྲེམས་སྤེལ་བྱུང་བ་དེས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་ཞིབ་འཇུག་དང་རྒྱུན་འཛིན་གང་ཅིའི་ཐད་ནས་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།

        རྒྱུས་ལོན་བྱུང་བར་གཞིགས་ན། 《ཀྲུང་གོའི་གེ་སར་སྒྲུང་པའི་བརྙན་དེབ》ཅེས་པ་འདི་ནི་རང་རྒྱལ་དུ་རྩོམ་སྒྲིག་པར་སྐྲུན་བྱས་པའི་སྒྲུང་མཁན་གྱི་བརྙན་དེབ་ཆེ་གྲས་ཐོག་མ་དེ་ཡིན་ལ། རང་རྒྱལ་གླིང་སྒྲུང་ཞིབ་འཇུག་ཐད་ཀྱི་རིག་གཞུང་གྲུབ་འབྲས་གསར་ཤོས་དང་གལ་ཆེ་ཤོས་ཤིག་ཀྱང་ཡིན། དཔེ་དེབ་འདིས་པར་ཡིག་སྦྲགས་མ་དང་བོད་རྒྱ་ཤན་སྦྱར་གྱི་ལམ་ནས་བོད་ཀྱི་ས་ཆ་སོ་སོའི་སྒྲུང་མཁན་ཇི་སྙེད་གང་དུ་ཇི་ལྟར་བཞུགས་པའི་གནས་སྟངས་ཆུ་ལ་ཆུ་བཞག་གི་ཚུལ་དུ་ངོ་སྤྲོད་ཞིབ་གསལ་གནང་ཡོད་དེ། ཁོང་ཚོས་གེ་སར་རིག་གནས་རྒྱུན་འཛིན་དང་དར་སྤེལ་ཐད་བཞག་པའི་མཛད་རྗེས་ལ་བསྔགས་བརྗོད་དང་གོང་བཀུར་ཞུས་ཡོད། དེ་དང་ཆབས་ཅིག ཀྲུང་གོ་གསར་པ་དབུ་བརྙེས་རྗེས་དང་ལྷག་དོན་དུ་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་དུ་གེ་སར་སྒྲུང་པའི་སྤྱི་ཚོགས་གནས་བབས་ལ་སྔར་མེད་བཟང་ཕྱོགས་ཀྱི་འགྱུར་བ་བྱུང་ཚུལ་ཡང་ཤུགས་སུ་བསྟན་ཡོད།



        དེབ་གསར་བགྲོ་གླེང་བྱེད་སྒོ་མཇུག་སྒྲིལ་རྗེས། འཇམ་དཔལ་རྒྱ་མཚོ་དང་སུན་མིང་ཀོང་གཉིས་ཀྱིས་མཚན་རྟགས་བཀོད་ནས་དཔེ་ཆ་སྟེར་བའི་མཛད་སྒོ་གཉེར་བ་མ་ཟད། ཚོགས་ཞུགས་སྐུ་མགྲོན་ཡོངས་དང་མཉམ་པར་ཡང་བསྒྲོན་ཡོད།