སྒྲོལ་མ་སྐྱིད་ཀྲུང་གོའི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ནང་ཚུད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-18   རྩོམ་ཁུངས།    四川藏语广播

        པེ་ཅིན་གྱི་དུས་ཚོད་ཟླ10པའི་ཚེས10ཉིན། རང་ལོ23ལ་བུད་པའི་བོད་རིགས་བུ་མོ་སྒྲོལ་མ་སྐྱིད་ཀྲུང་གོའི་བུད་མེད་རྐང་རྩེད་སྤོ་ལོའི་རྒྱལ་ཁབ་རུ་ཁག་ནང་ཐོག་མར་བདམས་ཐོན་བྱུང་འདུག

        སྒྲོལ་མ་སྐྱིད་ནི་སི་ཁྲོན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བཙན་ལྷ་རྫོང་དུ་སྐྱེས་པ་དང་། འགྲན་རའི་ཐོག་དཀྱིལ་སའི་སྤོ་ལོ་རྒྱག་མཁན་ཞིག་ཡིན། མིག་སྔར་སི་ཁྲོན་ཞིང་ཆེན་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ནང་སྤོ་ལོ་རྒྱག་གི་ཡོད་ཅིང་། འགྲན་དུས་འདིར་སི་ཁྲོན་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་གི་ཚབ་བྱས་ནས་འགྲན་བསྡུར་ནང་ཐེངས14ཞུགས་པ་དང་སྤོ་ལོ2བླུགས་ཡོད། ཁོ་མོའི་ཕུལ་བྱུང་གི་རྩལ་ནུས་ཀྱིས་རང་ཉིད་ཀྱི་སྤོ་ལོའི་རུ་ཁག་ལ་རོགས་རམ་ཐུབ་པ་མ་ཟད། ད་དུང་རྒྱལ་ཁབ་རུ་ཁག་གི་རྩལ་ཁྲིད་པ་གཙོ་བོའི་ཡིད་དབང་བཀུག་ཡོད། ཀྲུང་གོའི་བུད་མེད་རྐང་རྩེད་སྤོ་ལོའི་རྒྱལ་ཁབ་རུ་ཁག་ནང་བདམས་ཐོན་བྱུང་བ་དེ་ན་གཞོན་སྤོ་ལོ་རྒྱག་མཁན་སུ་ཞིག་གི་ངོས་ནས་བརྗོད་ནའང་གཟི་བརྗིད་ཆེན་པོ་ཞིག་ཡིན་པ་དང་། སྒྲོལ་མ་སྐྱིད་ཀྱི་ངོས་ནས་བཤད་ན་དེ་ནི་ཁོ་མོའི་རྐང་རྩེད་སྤོ་ལོའི་ལས་རིགས་ལམ་བུའི་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན།
     
        སྒྲོལ་མ་སྐྱིད་རང་ལོ10ལ་སླེབས་སྐབས་སྟེས་དབང་གི་གོ་སྐབས་ཤིག་གིས་རྐང་རྩེད་སྤོ་ལོ་དང་ཐོག་མའི་ལས་འབྲེལ་ཆགས། དེ་ནས་ལོ་མང་རིང་དཀའ་སྤྱད་སྦྱོང་བརྡར་བྱས་པ་བརྒྱུད། ཁོ་མོ2019ལོར་སི་ཁྲོན་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ནང་ཞུགས་པ་དང་། སི་ཁྲོན་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་བུད་མེད་རྐང་རྩེད་སྤོ་ལོའི་ལས་རིགས་ཁྲོད་སྣང་ཆུང་བྱེད་མི་རུང་བའི་སྟོབས་ཤུགས་ཤིག་ཡིན། 2020ལོའི་འགྲན་དུས་སུ་གྲ་སྒྲིག་ཨང་གསར་བྱས་པའི་སི་ཁྲོན་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་གིས་འགྲན་བསྡུར་ནང་ཕམ་ཁ་གཅིག་ཀྱང་མེད་པའི་སྒོ་ནས་བུད་མེད་རྐང་རྩེད་སྤོ་ལོའི་རིམ་པ་ཀ་པའི་མཉམ་འབྲེལ་འགྲན་བསྡུར་གྱི་ཨང་དང་པོ་བླངས། ལོ་དེའི་འགག་རྩའི་འགྲན་བསྡུར་གཉིས་ནང་སྒྲོལ་མ་སྐྱིད་ནས་མི་རྣམས་ཀྱི་མིག་དབང་འཕྲོག་དགོས་པའི་རྩལ་ནུས་བསྟན་ཡོད། 

        སྒྲོལ་མ་སྐྱིད་བདམས་ཐོན་བྱུང་བ་འདི་ནི་མོ་རང་མི་སྒེར་གྱི་རྩལ་ནུས་ལ་ཁས་ལེན་ཐོབ་པ་ཞིག་ཡིན་ལ། ཀྲུང་གོའི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ལ་གསོན་ཤུགས་གསར་པ་དང་སྣ་མང་རང་བཞིན་ཡང་བསྣན་པ་དང་། མོའི་གཏམ་རྒྱུད་འདིས་ཕུགས་བསམ་ལྡན་པའི་ན་གཞོན་སྔར་ལས་མང་བ་ཞིག་ལ་སེམས་ཤུགས་སྤྲད་ཡོད། གལ་སྲིད་ཁྱེད་རང་ལ་ཕུགས་འདུན་ཡོད་ན། རང་ཁྱིམ་ཀྱི་ཆ་རྐྱེན་དང་རྒྱབ་ལྗོངས་གང་འདྲ་ཞིག་ཡིན་རུང་རང་ཉིད་ཀྱི་རྐང་རྩེད་སྤོ་ལོའི་ཕུགས་བསམ་འཚོལ་སྙེག་བྱེད་ཆོག་ལ། རྒྱལ་ཁབ་རུ་ཁག་གི་རུ་མི་ཞིག་ཏུ་འགྱུར་བར་བྱས་ནས་ཀྲུང་གོའི་རྐང་རྩེད་སྤོ་ལོར་གཟི་བརྗིད་གསར་པ་སྣོན་པ་དང་ལོ་རྒྱུས་གསར་པ་གཏོད་ཆོག