རྐང་ཚར་བསྟོད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-23   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར།

མཚོ་སྔོན་པོའི་རྐང་ཚ། མཚོ་འཁོར་སྡེ་བརྒྱད་ཀྱི་ཡ་གྱལ།  སྣོད་བཅུད་ཀྱི་བཀོད་པ་མཛེས། དར་རྒུད་ཀྱི་ལོ་རྒྱུས་རིང་། ཤར་མདའ་བཞིའི་ས་ལ་དགེ་བཅུ་ཚང་། ནུབ་བོང་སྟག་འབྲོག་སྡེ་ཕྱུགས་ཀྱི་གཡང་། ལྷོ་ཁྲི་བཤོར་རྒྱལ་མོའི་རླབས་ཕྲེང་མཛེས། བྱང་མདོ་ལ་རི་བོའི་མུ་རྒྱུད་བརྟན།  ཆུ་མགོ་གངས་ལ་ཐུག་པས་གཙང་ཆབ་ཀྱི་བཞུར་རྒྱུན་ཆད་མེད་འབབ།  གནའ་ཤུལ་བྲག་ལ་བརྐོས་པས་ལོ་རྒྱུས་ཀྱི་ཞབས་རྗེས་མངོན་པར་གསལ། རྐང་ཚའི་དགོན་པ་བཅུ་གསུམ།སྤོས་ཀྱི་བསུང་ངད་ལྡིང་ཞིང་མཆོད་མེའི་འོད་སྣང་གིས་ཁྱབ། མཚོ་ཁའི་ལབ་ཙེ་རྣམ་གསུམ། བསང་དུད་སྔོན་མོ་འཕྱུར་ཅིང་ཆོས་དུང་སྙན་མོ་མཆེད་པས། དགོན་གྲོང་གྲྭ་དམངས་ཐམས་ཅད་དད་པ་ཆེ་ཞིང་སྨོན་ལམ་གྱི་མཐུ་སྟོབས་སྨིན་པའི་དཔལ་དུ། ཆར་ཆུ་དུས་འབབ་དང་བསམ་དོན་ལེགས་འགྲུབ་ཀྱི་རྣམ་པ་སྣང་ཡུལ་ཀུན་ལ་ཤར།

གནས་མཆོག་རྐང་ཚར་ཐོན་ཁུངས་ཕུན་སུམ་ཚོགས། རི་དྭགས་ལ་རྒྱལ་ཁམས་ཡོངས་ཀྱིས་གཅེས་པའི་དགོ་བ་ལྡེམ་མྱུར་ཅན་རྩེན། སྨན་མཆོག་ལ་གསེར་དང་འདྲ་བའི་དབྱར་རྩྭ་དགུན་འབུ་དང་གངས་ལྷ་སྤྲུ་ནག་སོགས་སྐྱེས། ཆུ་མཆོག་ལ་གཏེར་ཆུ་རེག་བྱ་འཇམ་ཞིང་མདངས་ཉམས་གསོ་བ་བཞུར། རྡོ་སོལ་དང་ཟངས་དངུལ་གྱི་གཏེར་ཁའང་ཕུན་སུམ་ཚོགས་ལ་སྔོག་འདོན་གྱི་མདུན་ལམ་ཡངས། གནས་མཆོག་ནུབ་མཚོར་གནའ་ནས་ཤེས་རིག་དར། བསྟན་པའི་སྒྲུབ་གནས་ག་ས་གང་ལ་ཁྱབ། མི་རིགས་ཡུལ་སྲོལ་སྣ་ཚོགས་ཁ་དོག་བཀྲ། མཚོ་གཏེར་འབུལ་སྲོལ་ལོ་ངོ་སྟོང་ཕྲག་བརྒྱུད། མཚོ་མཐའི་བོད་སོག་ཀུན་ལ་དད་པ་བརྟན་པས། བསམ་པ་ཆོས་ལ་ཕྱོགས་ནས་བསྟན་པའི་རྗེས་སུ་མི་འབྲང་བ་སུ་ཡང་མེད། རྟ་རྒྱུག་དུས་སྟོན་ཡོ་ལང་རབ་ཏུ་རྒྱས། རྒྱུག་བང་རྩལ་ཅན་གྱི་རྟ་མཆོག་དང་ལུས་རྩལ་དྲུག་རྫོགས་པའི་སྟག་ཤར་གྱི་ཉམས་ལ། དགའ་འབོད་ཀྱི་ཀི་བསྭོ་མི་སྒྲོགས་པ་སུ་ཡང་མེད། གེ་སར་གྱི་སྒྲུང་རབས་ཆུ་མགོ་རིང་ལ་ཆུ་རྔ་ཆེ། ངོ་མཚར་ལྟད་མོ་བློ་ཡི་ཡུལ་ལས་འགོངས། བོད་ཀྱི་ཟློས་གར་སྒྱུ་རྩལ་ཉམས་དགུས་ཕྱུག དབང་པོའི་ཡུལ་ལ་ལོངས་སྤྱོད་ཅི་ཡང་སྩོལ།

རྫོགས་ལྡན་བསྐལ་བཟང་ཤར་ཏེ་ལས་དོན་ཐམས་ཅད་དར་ཞིང་རྒྱས་ལ། བཅོས་བསྒྱུར་སྒོ་འབྱེད་ཀྱི་འབྲས་བཟང་ཡུལ་ཕྱོགས་ཀུན་ལ་སྨིན། རང་བྱུང་མཛེས་ལྗོངས་ལ་གཞན་ལས་ལྷག་པའི་ཁྱད་ཆོས་ཀྱིས་ཕྱུག་ཅིང་། མཚོ་མཐའི་ཡུལ་སྐོར་གྱིས་ཕྱོགས་ཀུན་སྐྱེ་བོ་མགྲོན་དུ་འབོད། དེང་རབས་ཕྱུགས་ལས་ཀྱི་དཔེ་སྟོན་རྟེན་གཞི་དང་རྩྭ་ཐང་གི་འཛུགས་སྐྲུན་ལ་ཉམས་བཟང་ཤར་བས། ཕྱུགས་ལས་ཀྱིས་རྫོང་སྤེལ་ཅིང་ཡུལ་སྐོར་གྱིས་སྣ་འདྲེན། རི་ཀླུང་དང་མཚོ་མོ། གནའ་ཤུལ་དང་ལྗོངས་གསར། གཅིག་གི་མཛེས་པ་གཅིག་གིས་བརྒྱན། ལྕགས་ལམ་གངས་ལྗོངས་ལ་བཏོད། “ལྕགས་འབྲུག”མཐོ་སྒང་དུ་འཁྱུག ཞིང་ཆེན་གྱི་གཞུང་ལམ་གང་སར་འཐེན་ཞིང་ཕྱོགས་ཀུན་གྱི་མགྲོན་པོ་གང་སར་བགྲོད། མི་རིགས་ཀྱི་སློབ་གསོ་དང་རིག་གནས་ཀྱི་བྱ་གཞག་ཡོད་ཚད་ཡར་ངོའི་ཟླ་ལ་འགྲན། མཁར་གྲོང་གསར་པ་བཙུགས། རྨོ་སྐྱུར་རྩྭ་གསོ་བྱས། མི་རབས་མང་པོར་ཕན་བདེ་བསྐྲུན། ཐོན་ཁུངས་ཀྱི་དགེ་མཚན་སྤེལ་ནས་ཁྱད་ལྡན་གྱི་ཐོན་ལས་དར། གནམ་དང་མཚོ་མོ་གཅིག་ལ་འདྲེས་པའི་གཞིར། སྤྲིན་དཀར་ཚོམ་བུ་དལ་གྱིས་རྒྱུ་བ་མཐོང་། གནས་འདིར་ལས་སྒོ་གསར་པ་གཉེར་པའི་སྤོབས་པའི་གདེང་མཐོ་ལ། ལྗོངས་རྒྱུ་ཡུལ་སྐོར་པའི་དགའ་བའི་སེམས་བྲོ།

ངོ་མཚར་ཆེ་བའི་རྐང་ཚ། ཁམས་དྭངས་པའི་གནས་མཆོག ཡུལ་འདི་ནི་སེམས་ཀྱི་ལྗན་ལྗིན་འདག་ལ། བག་ཡངས་བློ་ཁོག་འབྱེད་པའི་དག་ཞིང་ཡིན། མཛེས་སྡུག་བཀྲ་བའི་རྐང་ཚ། ངོ་མཚར་རྟོགས་བརྗོད་ཀྱི་སྐྱེ་རབས་བརྗོད་མི་ཚར་ལ། མི་དཔོན་བླ་ཆེན་གྱི་མཛད་པ་བསྔགས་མི་ཚར། གནས་འདིའི་མཛེས་སྡུག་ཉམས་སུ་མྱངས་པའི་བག་ཆགས་ཚེ་གང་པོར་ཡལ་མི་སྲིད། བརྗིད་ཉམས་ལྡན་པའི་རྐང་ཚ། དཔལ་འབྱོར་གྱི་འཕེལ་ཁ་དར་ཞིང་མི་དམངས་ཀྱི་བསྐལ་པ་ཡག རྐང་ཚར་དགའ་འོས་པའི་གྲུབ་འབྲས་མང་དུ་སྨིན་པ་དང་། རྫོང་དར་དམངས་ཕྱུག  ཇི་སྲིད་བར་དུ་འཆམ་ཞིང་མཐུན་པར་སྨོན། རང་ཅག་གིས་དཀའ་བ་དང་དུ་བླངས་ཏེ་སླར་ཡང་བྱས་རྗེས་འཇོག་པར་བརྩོན།