ལུའོ་ཁྲའོ་ཧྥེང་གིས་སུམ་རྩེན་གླིང་དུ་བསམ་བློའི་སློབ་གསོའི་སྒྲོག་འགྲེལ་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ10པའི་ཚེས་23ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་སུམ་རྩེན་གླིང་དུ་བསྐྱོད་དེ་བསམ་བློའི་སློབ་གསོའི་སྒྲོག་འགྲེལ་བྱས་དུས་ནན་བཤད་བྱས་དོན།  རྒྱ་ཆེ་བའི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དག་གིས་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས། དྲིན་གཟོ་བའི་འདུ་ཤེས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་ཏང་ཨུ་དང་སྲིད་གཞུང།མི་དམངས་མང་ཚོགས་དང་བསམ་བློ་གཅིག་མཐུན་དང་དད་སེམས་གཅིག་མཐུན། ཕྱོགས་མཐུན་མདུན་སྐྱོད་བྱེད་དགོས།

        སུམ་རྩེན་གླིང་དུ།  ལུའོ་ཁྲའོ་ཧྥེང་གིས་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་དང་སྤེལ་རེས་དང་བཞུགས་མོལ་གཏིང་ཟབ་གནང་ནས་དགེ་འདུན་པའི་སློབ་སྦྱོང་དང་འཚོ་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་།  ངོ་ཐུག་གདོང་འཕྲད་ཀྱིས་ཁོང་ཚོའི་བསམ་འདུན་དང་རེ་འབོད་ཉན་པ་བཅས་བྱས་ཏེ་གྲྭ་བཙུན་ཚོར་ལོ་མང་རིང་རྒྱལ་ཁབ་ཀྱི་རྣམ་པ་དང་མི་དམངས་ཀྱི་འཚོ་བར་འགྱུར་ལྡོག་བྱུང་བ་དང་། སུམ་རྩེན་གླིང་གི་རྨང་གཞིའི་སྒྲིག་བཀོད་དང་དགེ་འདུན་པའི་སློབ་སྦྱོང་ཆ་རྐྱེན་ལ་འགྱུར་ལྡོག་བྱུང་བའི་ཁྲོད་སྡུག་དྲན་སྐྱིད་བསམ་དང་ཏང་གི་བཀའ་དྲིན་ཚོར་དགོས། ཁོང་ཚོས་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་དང་སྒོམ་སྒྲུབ་ཀྱི་འཚོ་བའི་ཆ་རྐྱེན་བཟང་པོར་གཅེས་སྤྲས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་མཁྱེན་རྒྱ་ཡངས་པ། ཀུན་སྤྱོད་ཐད་མང་ཚོགས་ཀྱི་བློ་ལ་བབ་པ། འགག་རྩའི་དུས་སུ་ནུས་པ་ཐོན་པ”བཅས་ཀྱི་ཆབ་སྲིད་ཀྱི་བླང་བྱ་ལག་ལེན་གཏིང་ཟབ་བྱེད་པ།རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་དུ་གཏོང་རྒྱུའི་རེ་བ་བཏོན།

        ལུའོ་ཁྲའོ་ཧྥེང་གིས་ནན་བཤད་བྱས་དོན།རྒྱ་ཆེ་བའི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དག་གིས་རྒྱལ་ཁབ་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་དགོས་པ་དང་། སྤྱི་དམངས་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་དགོས། ཁྲིམས་སྐྱོང་གི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་དགོས། དྲིན་ཚོར་གྱི་འདུ་ཤེས་ཟབ་ཏུ་གཏོང་དགོས་ལ།བསམ་བློའི་གོ་རྟོགས་སྔར་ལས་མཐོ་རུ་གཏོང་བ་དང་། རང་བློ་རང་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ནང་བསྟན་རིག་པའི་ཡོན་ཚད་མཐོ་རུ་གཏོང་བ། ཆོས་ལུགས་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་པར་སྐུལ་འདེད་གཏོང་བ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏིང་ཟབ་དང་ཏན་ཏིག་གཏོང་བ་བཅས་བྱ་དགོས།

        ཉིན་དེར།  ལུའོ་ཁྲའོ་ཧྥེང་གིས་ད་དུང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་བཅིངས་འགྲོལ་གྲོང་དང་།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སུམ་རྩེན་གླིང་དོ་དམ་ཅུས་སུ་ཆོས་ལུགས་ལས་དོན་དང་འབྲེལ་ཡོད་གནས་ཚུལ་ལ་བརྟག་ཞིབ་བྱས་པ་རེད།

        ཁུལ་འགོ་ཁྲིད་དབྱང་ཙི་ཅང་དང་། སྐལ་བཟང་རྣམ་རྒྱལ།  ཁྲེན་ཆོན་བཅས་སྒྲོག་འགྲེལ་བྱེད་སྒོ་དང་བརྟག་ཞིབ་ལ་ཞུགས་པ་རེད།