རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-27   རྩོམ་ཁུངས།    ཁམས་པའི་དྲ་བ།
མཚོ་སྔོན་པོའི་མཚོ་དར་ལྷུང་ཚུལ་དེ་ནི་ཐུན་མོང་མ་ཡིན་པའི་རང་བྱུང་གི་སྣང་ཚུལ་ཞིག་ཡིན་ཏེ། ལོ་རེའི་ཟླ་བཞི་པར་མཚོ་བོད་མཐོ་སྒང་ལ་དཔྱིད་རླུང་ལྡང་སྟེ། ཚེ་སྲོག་མང་པོར་སྲོག་དབུགས་སད་པའི་འགོ་རྩོམ་པ་ཡིན་ལ། འཁྱགས་དར་གྱིས་བསྡམས་པའི་མཚོ་སྔོན་པོའི་དར་ཁ་ཕྱེ་བའི་འགོ་ཡང་རྩོམ་པ་ཡིན། སྣང་ཚུལ་དེ་ལ་ཞི་དྲག་གཉིས་སུ་དབྱེ་ཚེ། དཔྱིད་རླུང་དྲོན་མོས་དར་ཁ་དལ་གྱིས་འབྱེད་དུས་ཞི་བའི་ངང་ཚུལ་ལྡན་ལ། དུས་རླུང་དྲག་པོས་ཞག་མ་གཅིག་གི་ཡུན་ལ་མཚོ་དར་གསིལ་བའི་ཚེ་ན་དྲག་པོའི་ཉམས་དང་ལྡན། གང་ལྟར་མཚོ་སྔོན་པོའི་མཚོ་དར་ལྷུང་སྟེ་གཡུ་མདོག་གི་མཚོ་ངོགས་ག་ལེར་མངོན་པའི་ཚེ་ན། སྨུག་པ་ཟ་ཟི་ལྡང་སྟེ་སྣང་ཡུལ་ཀུན་ལ་རབ་རིབ་ཀྱི་མཛེས་ཉམས་ཤིག་མཐོང་ལ། སྨུག་པ་དྭངས་ཚེ་མཐོང་སྣང་གཡུ་མདོག་གིས་བཀྲམ་སྟེ་མུ་མཐའ་བྲལ་བ་ཞིག་མངོན། དགུན་ཉི་ལྡོག་བྱུང་སྟེ་དགུ་གསུམ་པ་ཟུག་དུས། གྲང་རླུང་ལྡང་ཞིང་ཁ་བ་འབབ། དགུན་དུས་ཀྱི་མཚོ་སྔོན་པོའི་ཁོ་ར་ཁོར་ཡུག་དང་བཅས་པ་གངས་དཀར་གྱིས་གཡོགས་ཏེ་གཙང་ཞིང་དྲི་མ་བྲལ་བ་ཞིག་ཏུ་སྣང་ལ། མཚོ་བོད་མཐོ་སྒང་ལ་གདོད་མའི་སྣང་ཉམས་ཤིག་ཤར་ཏེ་ཡོད་ཚད་ལྷིང་འཇགས་ཀྱི་ངང་དུ་གནས་ཤིང་། སང་ལོའི་དཔྱིད་རླུང་ལྡང་བར་སྒུག་པ་ཡིན།
ལེ་དབར་སྟོང་གི་རི་ཆུའི་བར་ཐག་ལ་ཉམ་མ་ང་བར་དར་རྩེ་མདོ་ནས་རི་མོ་མཁན་གྱི་པིར་རྩལ་ལས་འཁྲུངས་འདྲའི་མཚོ་སྔོན་པོར་མཚོ་སྐོར་དུ་འགྲོ་བ་ནི་དད་པའི་སྟོབས་དང་མཛེས་པའི་ཉམས་ཀྱིས་ལོས་ཡིན། དེ་སྔོན་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་ནི་རྒྱང་སྒྲོག་དང་བརྙན་འཕྲིན། ཚགས་པར་དང་དུས་དེབ་སོགས་ནས་རྒྱུས་ལོན་པ་ཙམ་ལས་མིག་གི་མཐོང་ལམ་དུ་མཇལ་བའི་སྐལ་བཟང་མ་ལྡན་མོད། ད་ཐེངས་གུང་གསེང་གི་གླགས་དང་བསྟུན་ནས་རི་ཆུའི་བར་ཐག་འཁོར་འགྲོས་ཀྱིས་བཅད་དེ་མཚོ་ཆེན་ཁྲི་ཤོར་རྒྱལ་མོར་ཆེད་དུ་མཇལ་སྐོར་ལ་སོང་བ་ཡིན། དེ་ཡང་ཉིན་ཞག་ གཉིས་ཀྱི་རིང་ལ་རླངས་འཁོར་བསྐོར་ནས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བྱང་རྒྱུད་དུ་གནས་པའི་དབུས་སུ་བློན་པོ་གསེར་ཆེན་རི་བོ་ལྷིང་ངེར་འགྱིང་བའི་གསར་ཆེན་རྫོང་དུ་འབྱོར་སྐབས་མུན་རུབ་པས་གནས་དེ་ནས་ཞག་སྡོད་བྱས་པ་ཡིན། ཕྱི་ཉིན་ཞོགས་པའི་ཉིན་གཞོན་རི་བོའི་རྩེ་མོར་ཤར་བ་དང་བསྟུན་ནས་ནང་སེམས་ཀྱི་རྟ་ཕོར་ལྕག་གིས་སྐུལ་བཞིན་རི་བོ་དང་རྩྭ་ཐང་འཕྲེད་ཀྱིས་བཅད་དེ་མཚོ་སྔོན་པོའི་ཕྱོགས་སུ་བསྐྱོད། དུས་ཡུན་ཆུ་ཚོད་གཅིག་ཙམ་བསྐྱོད་པ་ན་གསེར་ཆེན་རྫོང་དང་མཚོ་སྔོན་པའི་བར་གྱི་ཉག་ཁ་བརྒྱུད་ནས་འགྲོ་སྐབས་མཚོ་སྔོན་པོ་ཐོག་མར་མིག་ལམ་དུ་མཇལ་སྐབས་མཐོངས་ཡངས་པའི་ནམ་མཁའ་ས་ལ་ལྷུང་འདྲའི་སྣང་བ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་སོང་། མཚོ་སྔོན་པོའི་འགྲམ་རྒྱུད་ནི་མུ་མཐའ་མི་མངོན་པའི་རྩྭ་ཐང་རྒྱ་ཆེ་བ་ཞིག་ཡིན་ཞིང་། རི་ཆུའི་མཛེས་ལྗོངས་ལྟ་ན་སྡུག་ཅིང་ནོར་ནག་གི་འཕེལ་ཁ་དར་བ། འབངས་ལ་འབྱོར་ཕྱུག་ལྡན་པའི་ས་གནས་ཁྱད་པར་ཅན་ཞིག་རེད། ང་ཚོས་མུ་མཐུད་དེ་རླངས་འཁོར་བསྐོར་ནས་ཡུལ་སྐོར་ལྟེ་གནས་སུ་འབྱོར་སྐབས། ཕྱོགས་བཞི་མཚམས་བརྒྱད་ཀྱི་མགྲོན་པོ་ཀུན་སུ་ཞིག་གིས་མངག་བཅོལ་གནང་བ་ལྟར་མཚོ་ཁར་ལང་ལོང་དུ་འཛོམས་པ་དང་། གསེར་ཉ་ཁྲི་ཕྲག་གི་འཁྱུག་རྩལ་དང་བྱ་བྱེའུ་སྣ་ཚོགས་ཀྱི་གཤོག་འགྱུར། ཁྲི་ཤོར་རྒྱལ་མོའི་རླབས་ཕྲེང་བཅས་ཀྱིས་མིག་དབང་འཕྲོག་ནས་འདུག། གནས་འདིར་རྒྱལ་དབང་ལྔ་པ་ཆེན་མོ་དང་ཤར་སྐལ་ལྡན་རྒྱ་མཚོ། ཞབས་དཀར་ཚོགས་དྲུག་རང་གྲོལ། པཎ་ཆེན་སྐུ་ཕྲེང་བཅུ་པ་སོགས་བོད་ཀྱི་སྐྱེས་ཆེན་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པར་མ་ཟད། ཐུགས་འདུན་རྒྱ་ཆེན་པོས་མཚོ་མཆོད་བགྱིས་ཤིང་མཚོ་གཏེར་ཕུལ་ཏེ་རིགས་དྲུག་ཕན་བདེའི་སྨོན་ལམ་ཡང་ཡང་བཏབ་མྱོང་སའི་ཡུལ་ཁྱད་པར་བ་དང་། སློབ་དཔོན་པདྨ་འབྱུང་གནས་ཀྱིས་གྲགས་པའི་མཚོ་ཆེན་བཞི་ལས་ཞབས་བཞག་ཅེས་པའི་ཡ་གྱལ་ཞིག་ཡིན་པར་མ་ཟད། ད་དུང་སློབ་དཔོན་གྱིས་མཚོ་སྔོན་པོའི་མཐའ་སྐོར་དུ་གཏེར་རིགས་མང་པོ་སྦས་པར་བཞེད་པས་གནས་འདི་ནི་དམ་པའི་ཆོས་ཀྱི་སྒྲོམ་བུ་ཞིག་ཏུ་ཡང་འདོད་པས་དད་ལྡན་ཕོ་མོ་རྣམས་ཀྱིས་རྐང་ཐང་དང་བརྐྱངས་ཕྱག་འཚལ་ཏེ་མཚོ་སྐོར་ལ་འགྲོ་མཁན་མང་པོ་འདུག།
དེ་ཡང་མཚོ་སྔོན་པོ་ཞེས་ཐོགས་དོན་ནི་མཚོ་འདི་ཆགས་སའི་ཁོར་ཡུག་ཕལ་མོ་ཆེར་སྤངས་ལྗོངས་ཀྱིས་བསྐོར་བས་ཆར་ཆུ་ཇི་ལྟར་མོད་ཀྱང་། རྙོག་པའི་དྲི་མས་མ་གོས་པར་དྭངས་ཤིང་གསལ་ལ་དུས་དང་རྣམ་པ་ཀུན་ཏུ་གཡུ་ཡི་མེ་ལོང་བཞིན་དུ་སྔོ་སང་སང་གནས་པའི་ཆ་ནས་བཏགས་པ་ཡིན། ཡང་ལ་ལས་ཁྲི་ཤོར་རྒྱལ་མོ་ཞེས་འབོད་པ་ཡང་དང་ཐོག་ཡུལ་འདི་ནི་མཐའ་ཡས་པའི་སྤང་ལྗོངས་ཤིག་ཡིན་ཞིང་ད་ལྟའི་མཚོ་སྙིང་གི་ཁ་འོག་ཏུ་ཡུལ་དེའི་སྡེ་བ་ཞིག་གི་འཐུང་ཆུ་ལེན་སའི་ཆུ་མིག་གཅིག་ཡོད། དེར་སུས་ཆུ་བླངས་རྗེས་ངེས་པར་དུ་དོང་ཁ་རྡོ་ལེབ་ཅིག་གིས་དགབ་དགོས་ཤིང་མ་བཀབ་ན་ཆུ་འཕྱུར་ནས་ཡུལ་ཁམས་འཇིག་འགྲོ་བའི་ཉེན་ཁ་ཡོད་པར་བཤད། ཉིན་གཅིག་ཆུ་ལེན་གཅིག་གིས་ཆུ་བཅུས་རྗེས་དོང་ཁ་དགབ་རྒྱུ་བརྗེད་སྟབས་ཆུ་དེ་དྲག་ཏུ་འཕྱུར་ནས་ཐང་ཆེན་པོ་དེར་གཞིས་ཆགས་པའི་འབྲོག་ཁྱིམ་ཤིན་ཏུ་མང་པོའི་རྒྱུ་ནོར་དང་ཚེ་སྲོག་ཤོར་བས་ཁྲི་ཤོར་རྒྱལ་མོ་ཞེས་ཐོགས་པར་གྲགས། དེ་ཡང་མཚོ་སྔོན་པོ་འདི་དང་ཐོག་མཐའ་ཡས་པའི་སྤང་ལྗོངས་ཤིག་ཡིན་པར་བཤད་པ་ནི་ངག་རྒྱུན་ཙམ་ཡིན་ཏེ་དུང་དཀར་ཚིག་མཛོད་དུ། དེང་སང་གི་ཚན་རིག་པས་ཞིབ་འཇུག་བྱས་པའི་བསྡོམས་ཚིག་ལྟར་ན། མཚོ་སྔོན་པོ་ནི། ཧ་ལམ་ལོ་ས་ཡ་གཉིས་ཀྱི་སྔོན་རོལ་དུ། ས་ཡི་གོ་ལའི་ཤུན་པ་རྙིང་པའི་ནང་ཤུགས་ལ་བརྟེན་ནས་ས་གཤིས་འགྱུར་བ་ཐེངས་གསུམ་བྱུང་བའི་དབང་གིས་སྔོན་གྱི་ས་ཤུན་རིལ་པོ་དེ་དུམ་བུར་སོང་སྟེ་ཕྱོགས་གཅིག་རི་བོར་གྱུར་ཅིང་ཕྱོགས་གཞན་དག་གི་ས་རིམ་པས་བརྡིབས་ནས་མུ་མཐུད་དམའ་རུ་སོང་བར་བརྟེན་རི་རྒྱུད་དང་གཤོང་སའི་བར་གྱི་ཁྱད་པར་མངོན་གསལ་ཆེ་རུ་ཕྱིན་པ་དང་། ས་རིམ་དུམ་བུར་གས་པའི་འཁོར་ཕྱོགས་ནི་བྱང་ནས་ནུབ་ཏུ་བསེགས་ཤིང་དེ་ནས་ནུབ་ཏུ་འཁོར་བ་དང་། ལྷོ་ནས་བྱང་དུ་ཅུང་བསེགས་པའི་གཤོང་ས་ཆགས། དེའི་ཤུལ་དུ་ཆུ་བསགས་ནས་མཚེའུ་ཆུང་ངུ་ཞིག་ཏུ་གྱུར། མཚོ་ཆུའི་ཡོང་ཁུངས་གཙོ་བོ་ནི་ཆར་ཆུ་དང་། མཚོ་ནང་དུ་བཞུར་བའི་ཆུ། ས་འོག་གི་ཆུ་བཅས་ནས་བྱུང་བ་ཡིན། མཚོ་སྔོན་པོའི་མཚོ་དེ་ནི་ཐོག་མའི་དུས་སུ་ཚྭ་མེད་པའི་མཚེའུ་ཞིག་ཡིན་ཀྱང་། ཧ་ལམ་ལོ་ཁྲི་གཅིག་ལྷག་ཙམ་གྱི་གོང་དུ། མཚོ་ཁུལ་གྱི་དྲོད་ཚད་མཐོ་རུ་སོང་བ་དང་། མཚོ་ཆུ་རླངས་པར་འགྱུར་བའི་ཚད་དེ་ཆུའི་འབབ་ཚད་ལས་བརྒལ་བར་བརྟེན། མཚོ་ཆུ་མར་འགྲིབ་ཏེ་མཚོ་ངོས་རྒྱ་ཇེ་ཆུང་དུ་སོང་། མཚོ་ཆུའི་ངོ་བོ་ལན་ཚྭའི་རོ་ཅན་དུ་གྱུར་ཅིང། མཚོའི་གཏིང་གི་སྙིགས་མ་འཐུག་ཏུ་སོང་བ་དང་། སྔོན་ཆད་མཚོ་ནང་དུ་ཡོད་པའི་གླིང་ཕྲན་ཁ་ཤས་མཚོ་དང་ཁ་བྲལ་ནས་ཁེར་རྐྱང་དུ་ལུས་པའི་མཚོ་འགྲམ་གྱི་རི་བོར་གྱུར་པར་མ་ཟད། ད་ལྟ་ཡང་མདའ་བཞིའི་མཚོ་ཁུག་དེ་ཡང་བུ་མཚོར་འགྱུར་བཞིན་པའི་སྐབས་ཡིན། ད་ལྟའི་མཚོ་སྔོན་པོ་འདི་གནའ་རབས་ཀྱི་མཚོ་སྔོན་པོ་དང་བསྡུར་ན་ཤར་ནུབ་གཉིས་ཀྱི་ཕྱོགས་སུ་མཚོ་ཆུ་སྤྱི་ལེ་ཉི་ཤུ་ལྷག་ཇེ་ཆུང་དུ་སོང་ཞིང་། རྒྱ་ཁྱོན་སུམ་ཆ་གཅིག་ཆུང་དུ་སོང་ཡོད་པ་དང་། གཏིང་ཟབ་ཚད་སྤྱི་ཁྲེ་བརྒྱ་ཙམ་དམའ་རུ་སོང་ཡོད་ཅེས་བཀོད་འདུག།
མཚོ་ཆེན་དེ་ནི་རང་རྒྱལ་གྱི་སྐམ་སའི་ཐོག་གི་ཚྭ་ཆུའི་མཚེའུ་ཆེ་ཤོས་ཡིན་ལ་འཛམ་གླིང་སྟེང་གི་ས་བབ་མཐོ་ཤོས་ཀྱི་མཚེའུ་ཡི་གྲས་ཡིན་པ་དང་བོད་ཀྱི་མཚོ་ཆེན་བཞིའི་ཡ་གྱལ་ཡིན་པ་རེད། དེ་བས་མཚོ་སྔོན་པོ་ནི་རང་བྱུང་ཁམས་ཆེན་མོས་མཚོ་བོད་མཐོ་སྒང་ལ་བཞག་པའི་གཡུ་ཡི་མེ་ལོང་ཞིག་ཡིན་པར་བརྗོད་ཆོག་ལ། མཚོ་སྔོན་པོ་ནི་སའི་གོ་ལའི་སྟེང་ལ་ཐིགས་པའི་མིག་ཆུ་རྡོག་གཅིག་ཡིན་པར་བརྗོད་མཁན་ཡང་ཡོད། མཚོ་དེའི་ཤར་ཕྱོགས་སུ་ཨ་མ་ཟོར་དགུ་དང་ནུབ་ཕྱོགས་སུ་བྲག་དཀར་ཐེམ་ཆེན། ལྷོ་ཕྱོགས་སུ་བློན་པོ་གསེར་ཆེན། བྱང་ཕྱོགས་སུ་རྐང་ཚའི་ཨ་མྱེས་རྫ་དམར་བཅས་རྫ་རི་མཐོན་པོས་མཐའ་ནས་བསྐོར་ཞིང་། མཚོའི་མཐའ་སྐོར་གྱི་རིང་ཚད་ལ་སྤྱི་ལེ་སུམ་བརྒྱ་དྲུག་ཅུ་ཙམ་དང་མཚོ་ངོས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་བཞི་སྟོང་ལྔ་བརྒྱ་ལྷག་ཡོད། མཚོ་ནང་དུ་མཚོ་སྙིང་མ་ཧཱ་དེ་ཝ་དང་མཚོ་འགོའི་གླིང་ཕྲན། མཚོ་མཇུག་གི་མཚེར་པ་རི། འདྲེ་མོ་བྲག་དཀར། བྱ་གླིང་བཅས་གླིང་ཕྲན་ལྔ་ཡོད་ལ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རི་སྒང་དང་རྩྭ་ཐང་ཆེན་པོའི་དཀྱིལ་དུ་གཡུ་ཡིས་ཕྲ་རྒྱན་བཏབ་པ་ལྟར་ཆགས་ཡོད།
ཐེངས་འདིར་མཚོ་སྙིང་ལ་མཇལ་འདོད་ཤིན་ཏུ་ཆེ་ཡང་མཚོ་སྙིང་ལ་འགྲོ་བའི་མཚོ་གྲུ་མེད་སྟབས་མཇལ་བའི་སྐལ་བཟང་མ་བྱུང་། རྒྱང་རིང་ནས་བལྟས་ན། མཚོ་ངོས་དང་གནམ་གྱི་འབྲེལ་བའི་མཚམས་སུ་གླིང་ཕྲན་གཉིས་ཡོད་པ་ནི་མཚོ་སྙིང་མ་ཧཱ་དེ་ཝ་དང་བྲག་རྡོའི་གླིང་ཕྲན་འདྲེ་མོ་བྲག་དཀར་ཞེས་པ་དེ་རེད། ས་གནས་དེ་གའི་མིས་ངོ་སྤྲོད་བྱས་པ་ལྟར་ན། མཚོ་སྙིང་མ་ཧཱ་དེ་ཝ་ལ་མཚོ་སྙིང་ཞེས་ཀྱང་འབོད་ཅིང་། དེ་ནི་མཚོ་སྔོན་པོའི་ལྟེ་བ་ཡི་ལྷོ་ཕྱོགས་མཚམས་སུ་ཡོད་པ་དང་། འཛེང་རྡོ་དང་བྲག་རྡོ་དཀར་ནག་འདྲེས་མ་ཡིས་གྲུབ་པའི་སྒོང་དབྱིབས་ཀྱི་གླིང་ཕྲན་ཞིག་ཡིན། མཚོ་སྙིང་གི་ལྷོ་མཐའ་ནི་བྲག་རྡོ་ལས་ཆགས་པའི་གཡང་གཟར་ཡིན་ཞིང་མིའི་རིགས་བགྲོད་དཀའ། གཞན་ཤར་དང་ནུབ། བྱང་བཅས་ནི་ངོས་སྙོམས་པའི་འགྲམ་ངོགས་ས་ཆ་ཡིན། མཚོ་སྙིང་གི་ས་ཆ་མང་ཤོས་བྱེ་མས་ཁེངས་ནའང་མཚོ་འགྲམ་དུ་མཐོང་བའི་རྩི་ཤིང་རིགས་མང་པོ་སྐྱེས་ཡོད། གཞན་ད་དུང་རི་ཙོང་དང་རྩྭ་གྲོ་སྙེ་སོགས་ཀྱི་རྩྭ་རིགས་མང་སྟབས། ཟླ་བདུན་པ་དང་བརྒྱད་པའི་སྐབས། རྩྭ་ཆུ་འཛོམས་ཤིང་མེ་ཏོག་རྣམ་པར་བཀྲ་བ་ཡིན། དེ་ལས་ཡ་མཚན་པ་ཞིག་ལ། མཚོ་ཆུ་ཡིས་བསྐོར་བའི་མཚོ་སྙིང་ཤར་རྒྱུད་ཀྱི་མཚམས་སུ། ཚྭ་མེད་ཆུ་མིག་ཅིག་ཡོད་པ་ཡིན། ཆུ་མིག་འདིའི་དབང་གིས། ཆོས་པ་མང་པོ་གནས་འདིར་ཡོང་སྟེ་སྒྲིབ་སྦྱོང་བྱེད་བཞིན་ཡོད། མཚོ་སྙིང་ཐོག་ན། ད་དུང་ལོ་རྒྱུས་ཡུན་རིང་ལྡན་པའི་དགོན་པ་ཞིག་ཀྱང་ཡོད། གླིང་ཕྲན་དེར་མི་དང་བྱ། ཉ་བཅས་ཞི་མཐུན་མཉམ་གནས་བྱས་ཡོད་དེ། དབྱར་ཁའི་སྐབས་སུ། བྱ་རིགས་མང་པོ་རིམ་པར་འཕུར་ཡོང་དུས། ཆོས་པ་ཚོ་ཁུ་སིམ་པོར་ཡོད་པའི་བྲག་རྡོ་ནང་བཞིན་ལྷིང་འཇགས་ངང་རི་རྩེའི་དགོན་པར་གནས་ཏེ་བྱ་ཚོགས་ལ་འཚེ་བའི་ལས་ཅི་ཡང་མི་བྱེད་པ་ཡིན། དགུན་ཁར་བྱ་རྣམས་ཕྱིར་འཕུར་བ་དང་། མཚོ་མོ་དར་གྱིས་བསྡམས་པའི་སྐབས་ཁོ་ཚོ་ད་གཟོད་མཚོ་འགྲམ་གྱི་གྲོང་ཚོར་ཕྱིན་ཏེ་འཚོ་བའི་མཁོ་ཆས་ཉོ་སྒྲུབ་བྱེད་པ་རེད་ཅེས་ངོ་སྤྲོད་བྱས།
མཚོ་སྙིང་ལ་མཇལ་སྐོར་འགྲོ་བའི་སྐལ་བཟང་མ་ཐོབ་ཀྱང་མཚོ་གྲུར་བསྡད་ནས་མཚོ་སྔོན་པོའི་རྒྱ་ཁྱོན་དང་གཏིང་མཐའ་དཔོག་འདོད་ཧ་ཅང་ཆེ་བས་ཉིན་ཕྱེད་ཙམ་གྱི་རིང་ལ་མཚོ་གྲུར་བསྡད་པ་ཡིན། དེ་ལས་ང་རང་ནི་མཚོ་སྔོན་པོའི་པང་ཁུགས་སུ་ཡོད་པའི་སྣང་བ་ཞིག་སྟེར་ལ། མཚོ་ནང་གི་གསེར་ཉས་འཁྱུག་རྩལ་ཅི་དགར་ངོམས་དུས་ཐོལ་བྱུང་དུ། མཚོ་སྔོན་པོའི་ནང་དུ་གསེར་ཉ་མང་།། ཉ་གསེར་མིག་དྭངས་གསལ་ཆུ་ལ་བརྟེན།། ཉ་རྐྱལ་རྩལ་རྒྱས་པ་དེའི་དོན་རེད།། མཚོ་སྔོན་པོ་ཕ་མའི་ཕ་མ་རེད།། ཅེས་པའི་གླུ་དབྱངས་དེ་ཡིད་ལ་ཡང་ཡང་འཁོར་བྱུང་། མཐའ་ཡས་པའི་ཁྲི་ཤོར་རྒྱལ་མོ་ནི་ཡུལ་སྐོར་བ་ཡི་གནས་མཆོག་དང་དད་ལྡན་མང་ཚོགས་ཀྱི་སྐྱབས་གནས། གསེར་མིག་ཉ་མོའི་བསྟི་གནས་དང་གཡང་དཀར་ལུག་གི་ཕ་ས་ཡིན་པས་གནས་མཆོག་དེའི་བཀོད་པ་ཉམས་སུ་མྱོང་ཐུབ་པ་ནི་སྔོན་བསགས་ཀྱི་ལས་འབྲས་ཅིག་ལ་བསྒོམས་ནས་ཡོད་དོ།།
(རྟ་མགྲིན་རྡོ་རྗེས་བྲིས་ཤིང་པར་བླངས།)