ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་དགུ་པའི་ཐོག་ནན་བཤད་གནང་དོན།ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-31   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

        ཟླ་10ཚེས་27ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་དགུ་པ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་ནན་བཤད་གནང་དོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ནི་མི་རིགས་ཁག་གི་མི་དམངས་ཀྱིས་སྐྱིད་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་ཁུར། མཉམ་ཤི་མཉམ་གསོན། ལས་དབང་གཅིག་འབྲེལ་བཅས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱ་རྒྱུ་དེ་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་གི་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་དང་། ཏང་གི་མི་རིགས་ལས་དོན་གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པ་གནད་ལ་འཁེལ་པོས་ཁོང་དུ་ཆུད་པར་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ཏང་གི་མི་རིགས་ལས་དོན་དང་མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་རྐང་དུ་བཟུང་སྟེ། ཏང་གི་མི་རིགས་ལས་དོན་ལ་ཟམ་མི་ཆད་པར་ཤུགས་སྣོན་དང་དེ་ལེགས་སུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་འདེད་ཏན་ཏིག་བཏང་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

        ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རིག་པ་དང་མིའི་རིགས་རིག་པའི་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་བློ་མཐུན་ཝང་ཡན་ཀྲུང་གིས་གནད་དོན་དེའི་ཐད་འཆད་འགྲེལ་གནང་བ་དང་ལས་ཀའི་གྲོས་འགོ་བཏོན་པ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ནན་ཏན་ངང་འཆད་འགྲེལ་གསན་པ་དང་འབྲེལ་གྲོས་བསྡུར་ཡང་གནང་བ་རེད།

        ཞི་ཅིན་ཕིང་གིས་འཆད་འགྲེལ་དང་གྲོས་བསྡུར་གསན་རྗེས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་གསུངས་དོན། གནའ་སྔ་མོ་ནས་བཟུང་རང་རྒྱལ་གྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་འོད་སྟོང་རབ་ཏུ་འཕྲོ་བའི་ཀྲུང་ཧྭའི་ཤེས་དཔལ་དང་རླབས་ཆེན་གྱི་ཀྲུང་ཧྭ་མི་རིགས་བཏོད་ཡོད། རང་རེའི་ཏང་གིས་སྔར་ནས་བཟུང་མི་རིགས་གནད་དོན་དང་མི་རིགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་མི་རིགས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་ཀྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རེའི་ཏང་གིས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བ་སོགས་ཀྱི་འདུ་ཤེས་ནན་བཤད་བྱས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་དང་མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་རྐང་དུ་བརྩིས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་ལམ་བུ་སྔར་བས་རྒྱ་ཆེར་བཏང་བས། མི་རིགས་ལས་དོན་ལ་ཤུགས་སྣོན་དང་དེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཏང་གི་དགོངས་པ་གལ་ཆེན་གྲུབ་པ་དང་། མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་ཀྱི་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གནས་ཚད་གསར་པ་བཏོད་ཐུབ་ནས་ཏང་གི་མི་རིགས་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་རྗེས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྒྱང་ལམ་གསར་པའི་ཐོག་སྐྱོད་བཞིན་ཡོད་པས། ཏང་གི་མི་རིགས་ལས་དོན་ལ་དུས་བབ་དང་ལས་འགན་གསར་པ་འཕྲད་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་མི་རིགས་གཅིག་ཀྱང་ལུས་མི་རུང་། དེར་བརྟེན། ང་ཚོས་མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཆེད་སྟོབས་ཤུགས་ཆེན་པོ་གོང་བུར་འགྲིལ་དགོས། ཕྱོགས་ཡོངས་ནས་མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་བྱས་ཏེ། མི་རིགས་ཁག་གི་མི་དམངས་ཚོས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་གཟི་བརྗིད་རླབས་པོ་ཆེ་མཉམ་དུ་ལོངས་སྤྱོད་ཐུབ་པར་བྱེད་དགོས།

        ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་ཚན་རིག་དང་མཐུན་ལ་ཆ་ཚང་བའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་འཛུགས་དགོས། དེ་ཡང་ཀྲུང་ཧྭ་མི་རིགས་ཀྱི་དུས་ཡུན་རིང་པོའི་ལོ་རྒྱུས་ལ་གཞི་ཚུགས་ནས་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་དེ་ཉིད་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་གཏན་ཚིགས་དང་རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས་ལ་བརྩི་སྲུང་ཞུས་ནས། ཀྲུང་ཧྭ་མི་རིགས་གྲུབ་པ་དང་འཕེལ་རྒྱས་ཀྱི་གནས་ལུགས་དང་། རིགས་པ། མཚན་ཉིད་བཅས་ཚན་རིག་དང་མཐུན་པའི་ངང་གསལ་སྟོན་བྱེད་དགོས། རིག་ཚན་བཀོད་སྒྲིག་བྱེད་ལེགས་སུ་གཏོང་བ་དང་། རིག་ཚན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཞིབ་འཇུག་གི་ཁ་ཕྱོགས་སྟངས་འཛིན་ཡང་དག་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་རྨང་གཞིའི་རང་བཞིན་གྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས་ཀྲུང་གོའི་རང་རྟེན་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ལོ་རྒྱུས་ཀྱི་དཔྱད་གཞིའི་མ་ལག་དང་། སྐད་བརྡའི་མ་ལག རིགས་པའི་གཞུང་ལུགས་ཀྱི་མ་ལག་བཅས་མགྱོགས་མྱུར་ཆགས་པ་བྱེད་དགོས། རྒྱ་ཆེའི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོའི་ཧུར་སེམས་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ལ་སྐུལ་སྤེལ་བྱ་རྒྱུར་སྣང་ཆེན་དང་གཞོན་ནུ་རིགས་གཅིག་མཁས་ཅན་དང་མཁས་དབང་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁོང་ཚོར་ཁ་ཕྱོགས་སྟངས་འཛིན་དང་། ལས་སྟེགས་སྐྲུན་པ། གོ་སྐབས་གཏོད་པ་བཅས་བྱས་ནས་ཁོང་ཚོས་བློ་རྩེ་གཅིག་སྒྲིམ་ངང་བརྩོན་ཞིབ་དང་། གྲབས་ཚགས་ཚུད་དང་གཏོང་གནད་འཁེལ་བྱེད་པར་སྐུལ་ལྕག ཀྲུང་གོའི་ལོ་རྒྱུས་ལ་གཞི་ཚུགས་པ་དང་། ཀྲུང་གོའི་ལག་ལེན་གསལ་འགྲེལ། ཀྲུང་གོའི་གནད་དོན་ལ་ལན་རྒྱག་པ་བཅས་ཀྱི་ཐོག་མའི་གསར་རྩོམ་རང་བཞིན་གྱི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གཏོད་དགོས།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་ལ་དམིགས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཟམ་མི་ཆད་པར་སྐྲུན་དགོས། ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ནས་འབྱུང་འགྱུར་ཕྱོགས་སུ་སྐྱོད་པ་དང་། སྲོལ་རྒྱུན་ནས་དེང་རབས་ཀྱི་ཕྱོགས་སུ་སྐྱོད་པ། སྣེ་མང་ནས་གཞི་གཅིག་ཏུ་འགྲིལ་བའི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་པ་དང་། ཀྲུང་ཧྭའི་ཤེས་དཔལ་གྱི་མངོན་གསལ་དོད་པའི་ཁྱད་ཆོས་ལ་གོ་བ་གཏིང་ཟབ་ལེན་པ་དང་སྟངས་འཛིན་བྱས་ཏེ། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཟམ་མི་ཆད་པར་བསྐྲུན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་ཆེད་སྲ་ཞིང་བརྟན་པའི་སྙིང་སྟོབས་དང་རིག་གནས་ཀྱི་རྨང་གཞི་བརྟན་པོ་འདིང་དགོས། མི་རིགས་ཁག་གི་མང་ཚོགས་ལ་ཕྱོགས་ནས་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ། ཐུན་མོང་གི་ཕུགས་བསམ་དད་སེམས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་བྱེད་པ་དང་ལག་ལེན་གཏིང་ཟབ་བསྟར་དགོས། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་གྱི་འདུ་འགོད་ལག་བསྟར་གཏིང་ཟབ་དང་། རྒྱལ་གཅེས་རིང་ལུགས་ལྟེ་བར་བྱེད་པའི་མི་རིགས་ཀྱི་སྙིང་སྟོབས་དང་སྒྱུར་བཅོས་གསར་གཏོད་ལྟེ་བར་བྱེད་པའི་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་མོས་སེམས་དང་སྤོབས་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། མི་རིགས་ཁག་གི་མི་དམངས་ཀྱིས་རྒྱང་ལམ་གསར་པའི་ཐོག་དཔའ་མཛངས་རྟུལ་ཕོད་ཀྱིས་སྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་བློ་སྟོབས་འཕེལ་བར་བྱེད་དགོས། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་འདུ་འགོད་ལག་བསྟར་དང་། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་སྙིང་སྟོབས་ཕུལ་བྱུང་དང་དུས་རབས་ཀྱི་རིན་ཐང་ཞིབ་འཇུག་དང་སྔོག་འདོན། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་གསར་གཏོད་རང་བཞིན་གྱི་ཕྱོགས་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དར་རྒྱས་གོང་འཕེལ་གཏོང་བ། ཀྲུང་ཧྭའི་རིག་གནས་ཀྱི་ཁྱད་ཆོས་དང་། ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས། ཀྲུང་གོའི་རྒྱལ་ཁབ་ཀྱི་གཟུགས་བརྙན་མངོན་པ་བཅས་ཀྱི་མ་ལག་འཛུགས་པ་དང་བེད་སྤྱོད་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཀྲུང་ཧྭའི་རིག་གནས་ཀྱི་མོས་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བ་དང་རྒྱལ་ཁབ་ཀྱིས་གཅིག་གྱུར་རྩོམ་སྒྲིག་བྱས་པའི་སློབ་དེབ་ཕྱོགས་ཡོངས་ནས་ཁྱབ་སྤེལ་བཏང་སྟེ། གོ་བརྡ་འཕྲོད་པར་བརྟེན་ནས་སེམས་པ་མཐུན་པ་དང་ལས་དབང་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས།

        ཞི་ཅིན་ཕིང་གིས་བསྟན་དོན། མི་རིགས་ཁག་དབར་རྒྱ་ཁྱབ་ངང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་འཕེལ་རིམ་ནི་མི་རིགས་ཁག་དབར་རྒྱ་ཁྱབ་ངང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་བརྒྱུད་རིམ་ཞིག་ཡིན་ངེས་དང་མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་བརྒྱུད་རིམ་ཞིག་ཡིན་ངེས་རེད། ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོའི་དར་ཆ་མཐོན་པོར་བསྒྲེངས་ཏེ། མི་རིགས་ཁག་གིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བར་ཐུན་མོང་ཐོག་འབད་འཐབ་བྱ་རྒྱུ་དེ་རྒྱང་ལམ་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་དགོས། མི་རིགས་ཁག་དབར་གྱི་མི་ཚོགས་འགྲོ་འོང་དང་མཉམ་སྡོད་བྱ་རྒྱུར་སྐུལ་འདེད་བཏང་ནས་སྒར་རེས་རྣམ་པའི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་སྡེ་ཁུལ་གྱི་ཁོར་ཡུག་གཏོད་པ་དང་མི་རིགས་ཁག་གི་མང་ཚོགས་མཉམ་སྡོད་མཉམ་སྦྱོང་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་སྒྲུབ་མཉམ་སྐྱིད་བཅས་ཐུབ་པའི་སྤྱི་ཚོགས་ཀྱི་ཆ་རྐྱེན་བཏོད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས། དམངས་འཚོ་ལེགས་གཏོང་དང་མི་སེམས་གོང་བུར་འགྲིལ་རྒྱུ་དེ་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ་དང་། མི་རིགས་ས་ཁུལ་དུ་འཕེལ་རྒྱས་གཏོང་སྟངས་གསར་པ་ཁྱབ་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ལ་སྐུལ་འདེད་གཏོང་བ། སྤྱི་པའི་ཞབས་ཞུའི་འགན་ལེན་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་རིགས་ཁག་གི་མང་ཚོགས་ལ་དྲང་གཞག་ངང་ཕན་པ་ཐོབ་པར་སྐུལ་འདེད་གཏོང་དགོས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་མི་རིགས་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། མི་རིགས་ལས་དོན་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཧྭ་མི་རིགས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དྲིལ་བསྒྲགས་དང་ངོ་སྤྲོད་ཤུགས་ཆེན་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། དུས་རབས་གསར་པར་ཏང་གི་མི་རིགས་ལས་དོན་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། ཀྲུང་ཧྭ་མི་རིགས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་བསམ་འདུན་བཟང་པོ་དྲིལ་བསྒྲགས་ཤུགས་ཆེན་བཅས་བྱེད་དགོས། མི་རིགས་དྲིལ་བསྒྲགས་དང་འབྲེལ་བའི་བརྒྱུད་སྤེལ་བྱེད་ཐབས་གསར་གཏོད་དང་། ཁྱབ་སྤེལ་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། ཁྱབ་སྤེལ་ཐབས་ལམ་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་རང་རྒྱལ་གྱི་མི་རིགས་ཁག་ཐུན་མོང་ཐོག་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་བློས་འགེལ་ཆོག་པའི་འགན་ལེན་ཡིན་པ་གསལ་པོར་ཤོད་པ། ཀྲུང་ཧྭ་མི་རིགས་ནི་མོས་སེམས་དང་གོང་བུར་འགྲིལ་ཤུགས་ཆེན་པོ་ལྡན་པའི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཡིན་པ་གསལ་པོར་ཤོད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་ཀྱི་ཡང་དག་ལམ་བུར་ལྡན་པའི་མངོན་གསལ་དོད་པའི་ཁྱད་འཕགས་རང་བཞིན་གསལ་པོར་ཤོད་པ་བཅས་བྱེད་དགོས། ཀྲུང་གོ་དང་ཕྱི་རྒྱལ་གྱི་རིག་གཞུང་ལས་རིགས་དང་དམངས་ཁྲོད་ཚོགས་པའི་སྤེལ་རེས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།

        ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་ལས་འགན་ཞིག་རེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་ལམ་བུ་མཐའ་འཁྱོངས་དང་ཏང་གི་མི་རིགས་ལས་དོན་གྱི་མཛད་ཕྱོགས་དང་སྲིད་ཇུས་ཁག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ས་ཁུལ་དེ་རང་དང་ཚན་པ་དེ་རང་གི་མི་རིགས་ལས་དོན་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཏང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་འཇོན་ཐང་ཆེ་རུ་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་ཕུལ་དགོས།