དེ་རིང་བློ་མཐུན་ལི་ཁེ་ཆང་གི་སྐུ་ཕུང་པེ་ཅིང་དུ་ཞུགས་འབུལ་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-11-02   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར་གྱི་བོད་ཡིག་སྨྱན་སྦྱོར།

        ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་། ཡུན་རིང་ཉམས་སད་ཐེག་པའི་ལྷག་བསམ་རྣམ་དག་གི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། ཁྱད་དུ་འཕགས་པའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་དང་ཆབ་སྲིད་མཁས་ཅན། ཏང་དང་རྒྱལ་ཁབ་ཀྱི་ཕུལ་བྱུང་འགོ་ཁྲིད་པ། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་སྐབས་བཅུ་བདུན་པ་དང་། སྐབས་བཅོ་བརྒྱད་པ། སྐབས་བཅུ་དགུ་པ་བཅས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དེ་སྔའི་ཙུང་ལི་བློ་མཐུན་ལི་ཁེ་ཆང་གི་སྐུ་ཕུང་དེ་རིང་པེ་ཅིང་དུ་ཞུགས་འབུལ་བྱས་པ་རེད།
         བློ་མཐུན་ལི་ཁེ་ཆང་གློ་བུར་དུ་སྙིང་ནད་ཕོག་རྐྱེན་ནུས་ཤུགས་ཡོད་རྒུས་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་ཐོན་པར་2023ལོའི་ཟླ་10ཚེས་27ཉིན་གྱི་ཆུ་ཚོད་0དང་སྐར་མ་10ལ་ཧྲང་ཧའེ་རུ་སྐུ་གཤེགས་པ་དང་། སྐུ་གཤེགས་དུས་དགུང་ལོ་68ཡིན་པ་རེད།
        བློ་མཐུན་ལི་ཁེ་ཆང་མྱུར་སྐྱོབ་བྱེད་རིང་དང་སྐུ་གཤེགས་རྗེས། བློ་མཐུན་ཞི་ཅིན་ཕིང་དང་།ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི།ཧན་ཀྲེང་། ཧུའུ་ཅིན་ཐའོ་སོགས་སྨན་ཁང་དུ་གཟིགས་པར་ཕེབས་པའམ་ཡང་ན་བྱེད་ཐབས་སྣ་ཚོགས་བརྒྱུད་བློ་མཐུན་ལི་ཁེ་ཆང་སྐུ་གཤེགས་པར་སྐྱོ་སྣང་ཆེན་པོས་མྱ་ངན་ཞུས་པ་དང་སྦྲགས། ཁོང་གི་གཉེན་ཉེར་འཚམས་འདྲི་ཟབ་མོ་ཡང་ཞུས་པ་རེད།
        ཚེས་2ཉིན་གྱི་སྔ་དྲོར། པ་པའོ་ཧྲན་གསར་བརྗེའི་སྤྱི་པའི་བང་སོའི་ཚོམས་ཆེན་དུ་བརྗིད་ཉམས་ལྡན་ཞིང་སྒྲ་གདངས་དམའ་བའི་མྱ་ངན་རོལ་དབྱངས་གྲགས། ཚོམས་ཆེན་གྱི་གྱང་ངོས་སུ་གཞི་རས་ནག་པོའི་སྟེང“སྐྱོ་སྣང་ཆེན་པོས་བློ་མཐུན་ལི་ཁེ་ཆང་ལ་མྱ་ངན་ཞུ”ཞེས་པའི་ཡི་གེ་དཀར་པོ་བྲིས་ཡོད་པའི་འཕྲེད་འགེལ་སྦྱར་ཡིག་བཀལ་ཡོད་པ་དང་།དེའི་འོག་ཏུ་བློ་མཐུན་ལི་ཁེ་ཆང་འདས་པོའི་སྐུ་པར་བཀལ་ཡོད་པ་རེད།བློ་མཐུན་ལི་ཁེ་ཆང་གི་སྐུ་ཕུང་མེ་ཏོག་སོས་པ་དང་ཐང་ཤིང་ཤུག་པའི་ཁྲོད་ན་དབེན་པར་གནས་ཤིང་། སྐུ་ལུས་སྟེང་དམར་མདངས་བཀྲ་བའི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་བསྒྲོན་ཡོད་པ་རེད།
        སྔ་དྲོའི་ཆུ་ཚོད་9པ་ཡོལ་ཙམ་ལ། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་དང་། ལི་ཆང་།ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི།ཧན་ཀྲེང་སོགས་མྱ་ངན་གྱི་རོལ་དབྱངས་ཁྲོད་བློ་མཐུན་ལི་ཁེ་ཆང་གི་སྐུ་ཕུང་མདུན་དུ་དལ་བུར་ཕེབས་ནས་གུས་སྟབས་ཀྱིས་བཞེངས་ཏེ་ངག་བསྡམས་ནས་མྱ་ངན་ཞུས་པ་དང་ཆབས་ཅིག སྐུ་ཕུང་ལ་གུས་འདུད་ལན་གསུམ་ཞུས་པ་མ་ཟད།བློ་མཐུན་ལི་ཁེ་ཆང་གི་གཉེན་ཉེ་རེ་རེ་བཞིན་ལ་ཕྱག་བཏང་སྟེ་འཚམས་འདྲི་ཡང་ཞུས་པ་རེད། ཧུའུ་ཅིན་ཐའོ་ཡིས་འདས་མཆོད་མེ་ཏོག་ཕྲེང་བ་ཕུལ་ནས་བློ་མཐུན་ལི་ཁེ་ཆང་སྐུ་གཤེགས་པར་མྱ་ངན་ཞུས་པ་རེད།
        ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་གྱིས་ཞལ་གྱེས་ཞུ་བའམ་ཡང་ན་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་མྱ་ངན་ཞུས་ཤིང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་།བློ་མཐུན་ལི་ཁེ་ཆང་སྐུ་འཚོ་བཞུགས་སྐབས་ཀྱི་གྲོགས་པོ་དང་ཕ་ཡུལ་གྱི་འཐུས་མིའང་ཞལ་གྱེས་ཞུ་བར་ཕེབས་ཡོད་པ་རེད།