རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-11-02   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན། ཡུན་རིང་ཚོད་བགམ་ཐེག་པའི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ་རྣམ་དག ཁྱད་དུ་འཕགས་པའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན། ཆབ་སྲིད་མཁས་ཅན། ཏང་དང་རྒྱལ་ཁབ་ཀྱི་ཕུལ་དུ་བྱུང་བའི་འགོ་ཁྲིད་པ། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་བདུན་པ་དང་། སྐབས་བཅོ་བརྒྱད་པ། སྐབས་བཅུ་དགུ་པ་བཅས་ཀྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དེ་སྔའི་ཙུང་ལི་བློ་མཐུན་ལི་ཁེ་ཆང་གློ་བུར་དུ་སྙིང་ནད་ལངས་ནས་ཐབས་ཤེས་ཡོད་རྒུས་མྱུར་སྐྱོབ་ཞུས་ཀྱང་ཕན་འབྲས་མ་ཐོན་པར་2023ལོའི་ཟླ་10པའི་ཚེས་27ཉིན་གྱི་ཆུ་ཚོད་0དང་སྐར་མ་10ཡི་ཐོག་ཧྲང་ཧའེ་རུ་སྐུ་གཤེགས་པ་དང་། སྐུ་གཤེགས་དུས་དགུང་ལོ་68ལ་ཕེབས་ཡོད།
བློ་མཐུན་ལི་ཁེ་ཆང་གི་ཕ་ཡུལ་ཨན་ཧུའེ་ཏིང་ཡོན་ཡིན་པ་དང་། 1955ལོའི་ཟླ་7ཚེས་3ཉིན་ཨན་ཧུའེ་ཧོ་ཧྥེ་རུ་སྐུ་འཁྲུངས། 1962ལོའི་ཟླ་9པ་ནས་1974ལོའི་ཟླ་3པའི་བར་སྔ་ཕྱིར་ཧོ་ཧྥེ་གྲོང་ཁྱེར་ནན་མོན་སློབ་ཆུང་དང་སློབ་འབྲིང་བརྒྱད་པར་སློབ་སྦྱོང་གནང་བ། 1973ལོའི་ཟླ་12པར་ཀྲུང་གོ་གུང་ཁྲན་རིང་ལུགས་གུང་གཞོན་སྡེ་ཚོགས་ནང་ཞུགས། ཁོང་ནི་གཞོན་ནུ་ལོ་ཆུང་གི་དུས་ནས་ཏང་ལ་དགའ་ཞེན་ཆེ་བ་དང་། མེས་རྒྱལ་ལ་དགའ་ཞེན་ཆེ་བ། མི་དམངས་ལ་དགའ་ཞེན་ཆེ་བ། སློབ་སྦྱོང་ལ་བརྩོན་པ་ཆེ་བ། ཡར་རྒྱས་བརྩོན་ལེན་གནང་མཁན་ཞིག་ཡིན། 1974ལོའི་ཟླ་3པ་ནས་བཟུང་། ཨན་ཧུའེ་ཞིང་ཆེན་ཧྥེང་ཡང་རྫོང་ཏ་མེའོ་ཀུང་ཧྲེའི་ཏུང་ལིན་རུ་ཆེན་ནང་རུ་ཁག་ལ་ཞུགས་གནང་བ། 1976ལོའི་ཟླ་5པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ། 1976ལོའི་ཟླ་11པ་ནས་1978ལོའི་ཟླ་3པའི་བར་ཨན་ཧུའེ་ཞིང་ཆེན་ཧྥེང་ཡང་རྫོང་ཏ་མེའོ་ཀུང་ཧྲེའི་ཏ་མེའོ་རུ་ཆེན་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་གནང་བ། 1978ལོའི་ཟླ་3པ་ནས་1982ལོའི་ཟླ་2པའི་བར། པེ་ཅིང་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་ཚན་ཁག་ཏུ་སློབ་སྦྱོང་གནང་བ། སྐབས་དེར་སློབ་གྲྭའི་སློབ་མ་ཚོགས་པའི་འགན་འཁུར་བ་གནང་མྱོང་ཡོད།
1982ལོའི་ཟླ་2པ་ནས་བཟུང་། བློ་མཐུན་ལི་ཁེ་ཆང་གིས་སྔ་རྗེས་སུ་པེ་ཅིན་སློབ་ཆེན་གྱི་གུང་གཞོན་སྡེ་ཚོགས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གི་རྒྱུན་ལས་ཨུ་ཡོན། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་སློབ་གྲྭ་པུའུ་ཡི་པུའུ་ཀྲང་དང་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཅིག་ལྕོགས། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་རྗེས་སྣོན་ཧྲུའུ་ཅི། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་གཅིག་ལྕོགས། རྒྱལ་ཡོངས་ལོ་ཆུང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་བཞེས། 1993ལོའི་ཟླ་3པ་ནས་བཟུང་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་དང་ཀྲུང་གོའི་གཞོན་ནུའི་ཆབ་སྲིད་སློབ་གླིང་གི་འགོ་འཛིན་གཅིག་ལྕོགས་དང་། སྐབས་བརྒྱད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་དབྱང་སྤྱི་ཚོགས་བདེ་འཇགསབཅོས་སྐྱོང་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འགན་བཞེས། ཁོང་གིས་ཏང་གི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ནས་སྡེ་ཚོགས་ཀྱི་ལས་དོན་ལ་བསམ་གཞིག་དང་བཀོད་སྒྲིག་གནང་བ་དང་། དུས་སྐབས་གསར་པའི་རང་རྒྱལ་གྱི་གཞོན་ནུའི་ལས་དོན་འཕེལ་རྒྱས་ཀྱི་འཐབ་ཇུས་དང་། ཀྲུང་གོའི་གཞོན་ནུ་ལོ་ཆུང་གི་བསམ་བློ་ཀུན་སྤྱོད་དང་རིག་གནས་གནས་ཚུལ་གྱི་བརྟག་ཞིབ་ཆེ་མོ་སྒྲིག་འཛུགས་གནང་ནས་བསྒྲུབས་གནང་བ་དང་། དུས་རབས་བརྒལ་བའི་གཞོན་ནུའི་ཤེས་དཔལ་ལས་གཞི་དང་དུས་རབས་བརྒལ་བའི་གཞོན་ནུ་ཤེས་ལྡན་པའི་ལས་གཞི་ལག་ལེན་བསྟར་རྒྱུ་བཏོན་གནང་བ་དང་དེར་སྐུལ་འདེད་བཏང་གནང་བ། ཕུགས་རེའི་ལས་གཞི་དང་། གཞོན་ནུ་དང་བླངས་པ། གཞོན་ནུའི་ཤེས་དཔལ་ཨང་རྟགས། གྲོང་ཚོ་ཁྲི་དབུལ་སྒྲོལ་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་སྐྱོད་རྒྱུར་རོགས་འདེགས་བྱེད་པའི་བྱ་སྤྱོད་སོགས་ཀྱི་ལས་དོན་གཏིང་ཟབ་སྤེལ་གནང་ནས། སྡེ་ཚོགས་ཀྱི་ལས་དོན་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་གནས་བབ་ཧྲིལ་པོར་ཞབས་འདེགས་ཞུ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་གནང་ཡོད།
1998ལོའི་ཟླ་6པ་ནས་བཟུང་། བློ་མཐུན་ལི་ཁེ་ཆང་གིས་ཧོ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཞིང་ཆེན་འགོ་འཛིན་གྱི་ལས་ཚབ། ཞིང་ཆེན་གྱི་འགོ་འཛིན་དང་། ཞིང་ཨུད་ཧྲུའུ་ཅི་དང་ཞིང་ཆེན་གྱི་འགོ་འཛིན། ཞིང་ཨུད་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་གནང་བ་དང་། དེའི་རིང་རྨ་ཆུའི་འབྲུབ་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ཡི་སྤྱི་ཁྱབ་བཀོད་འདོམས་པའི་འགན་གཅིག་ལྕོགས་སུ་བཞེས། ཁོང་གིས་དབུས་རྒྱུད་དར་རྒྱས་ཡོང་བ་བྱེད་པའི་འབད་འཐབ་དམིགས་འབེན་བཏོན་གནང་བས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མར་གོང་སྤེལ་གྱི་གྲོས་མཐུན་བྱུང་ཡོད། ཤར་རྒྱུད་ནས་སྔོན་ཐོན་ལག་རྩལ་དང་དོ་དམ་ཉམས་མྱོང་ནང་འདྲེན་དང་ནུབ་རྒྱུད་དུ་དབུས་ནུབ་རྒྱུད་ཀྱི་ཁྲོམ་ར་གསར་འབྱེད་བྱེད་པའི་ཤར་འདྲེན་ནུབ་སྐྱོད་འཐབ་ཇུས་བཏོན་གནང་བ་མ་ཟད་ལག་ལེན་བསྟར་ནས་ཧོ་ནན་གྱི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་ཆེད་འབད་པ་ལྷུར་ལེན་གནང་ཡོད། ལྟེ་བའི་གྲོང་ཁྱེར་དང་ལྟེ་བའི་གྲོང་རྡལ་གྱིས་སྐུལ་ཁྲིད་བྱེད་པའི་འཐབ་ཇུས་ལག་བསྟར་ཧུར་ཐག་གནང་བས། རྒྱལ་ཡོངས་སུ་དམིགས་བསལ་བཟང་ཆ་ལྡན་པ་དང་ཤུགས་རྐྱེན་གལ་ཆེན་ལྡན་པའི་དབུས་རྒྱུད་གྲོང་ཁྱེར་ཚོམས་ཀྱི་དཔལ་འབྱོར་དར་རྒྱས་ཁུལ་གྲུབ་ཡོད། བཟོ་ལས་ཅན་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་ཤུགས་ཆེན་བཏང་གནང་བ་དང་ཆབས་ཅིག ཞིང་ལས་དེང་རབས་ཅན་གྱི་འཛུགས་སྐྲུན་མགྱོགས་སུ་བཏང་བས། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ངལ་རྩོལ་ཐོན་སྐྱེད་ཀྱི་ཐོན་འབོར་ཇེ་མཐོར་ཕྱིན་པ་དང་། ཧོ་ནན་ནི་ཞིང་ལས་ཀྱི་ཞིང་ཆེན་ཆེན་པོ་ཞིག་ཡིན་པའི་ཞིང་ལས་ཀྱི་རྨང་གཞིའི་གནས་བབ་སྔར་བས་བརྟན་དུ་ཕྱིན་པ། ཧོ་ནན་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་བྱ་གཞག་ཁག་གོང་འཕེལ་ཆེན་པོ་ཡོང་རྒྱུར་སྐུལ་མ་ཐེབས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཡག་པོ་བྱུང་ཡོད།
2004ལོའི་ཟླ་12པ་ནས་བཟུང་། བློ་མཐུན་ལི་ཁེ་ཆང་ནས་སྔ་ཕྱིར་ལིའོ་ཉིང་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་། ཞིང་ཨུད་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས། ཁོང་གིས་བྱང་ཤར་དར་རྒྱས་དང་རྒྱ་མཚོའི་འགྲམ་རྒྱུད་སྒོ་དབྱེའི་གོ་སྐབས་ཉིས་བརྩེགས་དམ་འཛིན་གནང་ནས། གཞུང་ཁོངས་ཁེ་ལས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་ཤུགས་བརྒྱབ་པ་དང་། “གནས་ལྔ་ལམ་ཐིག་གཅིག”གི་རྒྱ་མཚོའི་འགྲམ་རྒྱུད་ཀྱི་དཔལ་འབྱོར་ཁུལ་བསྐྲུན་པ། གྲུ་ཁ་དང་ཐག་ཉེ་བའི་བཟོ་ལས་དང་རྒྱ་མཚོའི་འགྲམ་རྒྱུད་ཀྱི་དཔལ་འབྱོར་གོང་འཕེལ་ཤུགས་ཆེན་བཏང་བ། སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་གཅིག་སྡུད་ཁུལ་བསྐྲུན་པ། གཅིག་སྡུད་ཡུག་སྦྲེལ་གྱི་ཁང་པ་ཐེབས་ཆག་ཁུལ་བསྒྱུར་བཀོད་དང“ལས་ཞུགས་བྱེད་མཁན་གཅིག་ཀྱང་མེད་པའི་ཁྱིམ་ཚང”གི་ལས་ཞུགས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་དམངས་འཚོའི་ལས་གྲྭ་བཏོན་གནང་བ་དང་སྒྲིག་འཛུགས་ལག་བསྟར་གནང་བ། རྫོང་ཁོངས་ཀྱི་དཔལ་འབྱོར་གོང་འཕེལ་ཤུགས་ཆེན་བཏང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གོང་འཕེལ་ལ་གཅིག་གྱུར་འཆར་འགོད་གནང་བས། ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་དཔལ་འབྱོར་དངོས་ཤུགས་སྐས་རིམ་གསར་པ་ཞིག་གི་ཐོག་སླེབས་པ་དང་། གོང་འཕེལ་གཏོང་བའི་གཏིང་ཤུགས་མུ་མཐུད་ནས་ཆེ་རུ་ཕྱིན་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། དཔལ་འབྱོར་གོང་འཕེལ་མགྱོགས་པ་དང་སྤྱི་ཚོགས་ཁྱོན་ཡོངས་ཡར་རྒྱས་བྱུང་བའི་རྣམ་པ་བཟང་པོ་མངོན་པ། དཔལ་འབྱོར་འཛུགས་སྐྱོང་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྱོང་། ཏང་འཛུགས་སྐྱོང་སོགས་ཁྱོན་ཡོངས་ལ་སྐུལ་འདེད་ཐེབས་པ། ལིའོ་ཉིང་བཟོ་ལས་རྟེན་གཞི་རྙིང་པ་དར་རྒྱས་ཡོང་རྒྱུར་མངོན་གསལ་དོད་པའི་གྲུབ་འབྲས་ཐོབ་ཡོད།
2007ལོའི་ཟླ་10པར། བློ་མཐུན་ལི་ཁེ་ཆང་ཀྲུང་གུང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱུན་ལས་ཨུ་ཡོན་ལ་བདམས་ཡོད། 2008ལོའི་ཟླ་3པར། བློ་མཐུན་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་། ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པའི་འགན་བཞེས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ལས་དོན་འགན་འཁུར་གནང་བ་དང་། བསྒྱུར་བཅོས་གོང་འཕེལ་དང་། ནོར་སྲིད། གཞུང་ཁོངས་ཐོན་ཁུངས། ཁོར་ཡུག་སྲུང་སྐྱོང་། འཛུགས་སྐྲུན། འཕྲོད་བསྟེན་བཅས་ཀྱི་ལས་དོན་ཐད་ལ་འགན་འཁུར་གནང་ཡོད། དེའི་རིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་འགག་གསུམ་ལས་གྲྭའི་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ལྷོ་ཆུ་བྱང་འདྲེན་ལས་གྲྭའི་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། རྒྱལ་སྲིད་སྤྱི་ཁྱབ་ཁང་སྨན་རྫས་འཕྲོད་བསྟེན་སྒྲིག་གཞི་བསྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོ་ཆུང་གི་ཙུའུ་ཀྲང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་སོགས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད། ཁོང་གིས་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་ལ་ཁ་གཏད་གཅོག་རྒྱུ་དང་། དཔལ་འབྱོར་གྲུབ་གཞི་ལེགས་སྒྲིག་མགྱོགས་སུ་གཏོང་བ། ས་ཁོངས་མཐུན་སྦྱོར་གོང་འཕེལ་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། ནུས་རྒྱུ་གྲོན་ཆུང་དང་། སྦགས་བཙོག་འབུད་བཤངས། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད། སྨན་རྫས་འཕྲོད་བསྟེན་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ནོར་ཁྲལ་སྒྲིག་གཞིའི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུར་རམས་འདེགས་གནང་ཡོད། ཁོང་གིས། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་དེ་སྤྱི་པའི་ཐོན་རྫས་ཡིན་པའི་ངོས་ནས་ཏན་ཏིག་དང་ཕན་ནུས་ལྡན་པའི་སྒོ་ནས་དམངས་ཡོངས་ལ་མཁོ་འདོན་བྱེད་དགོས་པ་དང་། གཞི་རྩ་སྲུང་བ་དང་། གཞི་རིམ་སྟོབས་ཆེར་གཏོང་བ། སྒྲིག་གཞི་འཛུགས་པ་བཅས་སྨན་བཅོས་བསྒྱུར་བཅོས་ལས་ཀའི་གཙོ་གནད་དུ་བརྩི་བ། སྨན་བཅོས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་སྨན་བཅོས་འགན་བཅོལ་དང་། སྨན་རྫས། སྨན་བཅོས་སོགས་གཙོ་གནད་ལྷུ་ཚིགས་གསུམ་ལ་དམ་པོར་གཞིགས་ཏེ། “འཁོར་གསུམ་འགུལ་སྐྱོད”ལག་བསྟར་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། ཁོང་གིས་འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། འགན་སྲུང་རང་བཞིན་གྱི་སྡོད་ཁང་གཞུང་དྲང་ངང་བགོ་འགྲེམས་བྱ་ཤུགས་ཆེ་རུ་བཏང་བ། སྤྱི་པའི་བོགས་གཏོང་ཁང་པ་གོང་འཕེལ་མྱུར་པོ་བཏང་བ་བཅས་ཀྱིས། མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། ཁོང་གིས་ཁོར་ཡུག་སྲུང་སྐྱོང་གི་ལམ་བུ་གསར་པ་འཚོལ་ཞིབ་ཧུར་ཐག་གནང་བ་དང་། གོང་འཕེལ་ཁྲོད་སྲུང་སྐྱོང་དང་། སྲུང་སྐྱོང་ཁྲོད་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་ཤུགས་རྐྱེན་ཐེབས་པ་དང་མང་ཚོགས་ཀྱི་བདེ་ཐང་ལ་གནོད་འཚེ་བཟོ་བའི་མངོན་གསལ་དོད་པའི་ཁོར་ཡུག་གནད་དོན་ཐག་གཅོད་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
2012ལོའི་ཟླ་11པར། བློ་མཐུན་ལི་ཁེ་ཆང་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་སླར་ཡང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན་དུ་བདམས་ཐོན་བྱུང་ཡོད། 2013ལོའི་ཟླ་3པར། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཁོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་བསྐོ་གཞག་གནང་བ་དང་། ཟླ་བ་དེ་རང་ནས་བཟུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའི་ཧྲུའུ་ཅིའི་འགན་བཞེས་ཡོད། སྣ་མང་རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་དུས་བབ་ཀྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་གཞི་གདངས་རྒྱུན་འཁྱོངས་དང་། འཐབ་ཇུས་ཀྱི་བརྟན་ཤུགས་མཐའ་འཁྱོངས། སྤྱི་ཁོག་སྙོམས་སྒྲིག་འཐུས་ཚང་དུ་གཏོང་བར་ཤུགས་བརྒྱབ་པ། སྔོན་ལ་ལེགས་སྒྲིག་དང་ལེགས་སྒྲིག་ཕྲན་བུ་བྱེད་པར་སྣང་ཆེན། ཁ་ཕྱོགས་གཏན་འཁེལ་གྱི་སྙོམས་སྒྲིག་ལ་སྣང་ཆེན། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བར་ཤུགས་བརྒྱབ་པ། སྤྱིའི་དགོས་མཁོ་རྒྱ་སྐྱེད་འོས་འཚམ་བཏང་བ་བཅས་གནང་སྟེ། རིམ་པ་སྔར་ལས་མཐོ་བའི་མཁོ་སྤྲོད་འགུལ་རྣམ་དོ་སྙོམས་ཡོང་བར་སྐུལ་འདེད་བཏང་གནང་ཡོད། འགུལ་ནུས་གསར་རྙིང་བརྗེ་སྒྱུར་མགྱོགས་སུ་གཏོང་བ་དང་། གསར་དར་ཐོན་ལས་གོང་འཕེལ་ཤུགས་ཆེར་གཏོང་བ། སྲོལ་རྒྱུན་གྱི་ཐོན་ལས་བསྒྱུར་བཀོད་དང་རིམ་སྤོར་བྱེད་པ། དྲ་སྦྲེལ་+བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ། བཟོ་སྐྲུན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། བཟོ་ལས་ཀྱི་རྨང་གཞི་བརྟན་གཏོང་དང་། རིག་ནུས་བཟོ་སྐྲུན། སྦགས་མེད་བཟོ་སྐྲུན་སོགས་ཀྱི་ལས་གྲྭ་གལ་ཆེན་ལག་བསྟར་བཅས་བྱས་ཏེ། དཔལ་འབྱོར་གྲུབ་གཞི་ལེགས་འགྱུར་རིམ་སྤོར་མགྱོགས་སུ་ཡོང་བར་སྐུལ་འདེད་བཏང་ཡོད། དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པར་ཁྲིད་སྟོན་དང་། ཀུན་ཕན་དངུལ་རྩའི་ཞབས་ཞུར་ཤུགས་སྣོན་བརྒྱབ་ཡོད། གསར་གཏོད་ཀྱིས་གོང་འཕེལ་ལ་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། གསར་གཏོད་ཀྱིས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར། རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་བ། ལས་གཏོད་གསར་གཏོད་ལ་སྐུལ་མ་གཏོང་བའི་ཁོར་ཡུག་བཟང་པོ་གཏོད་པ་བཅས་གནང་སྟེ། སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་ནུས་ཤུགས་ཡོད་རྒུས་སྐུལ་སྤེལ་གནང་ཡོད། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་དང་། ཧྲང་ཧའེ་སོགས་ཞིང་ཆེན་དང་གྲོང་ཁྱེར་དུ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་ཁག་ཅིག་བཙུགས་པ། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་གནང་ནས། སྒོ་འབྱེད་ཅན་གྱི་དཔལ་འབྱོར་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་བཏང་གནང་ཡོད། ས་ཁོངས་མཐུན་སྦྱོར་ངང་གོང་འཕེལ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཐབ་ཇུས་ལག་བསྟར་གཏིང་ཟབ་དང་། འཕར་སྣེ་དང་འཕར་རྒྱུད་གསར་པ་མགྱོགས་མྱུར་གོང་འཕེལ་ཡོང་བར་སྐུལ་འདེད། གྲོང་གསེབ་བསྒྱུར་བཅོས་ཁྱོན་ཡོངས་ནས་ཟབ་སྤེལ། གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་གོང་འཕེལ་ཡོང་བར་སྐུལ་འདེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་གོང་འཕེལ་གྱི་མཐུན་སྦྱོར་རང་བཞིན་ཆེ་རུ་གཏོང་བ་བཅས་གནང་ཡོད། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་ཀྱི་བསམ་བློ་རྒྱུན་འཁྱོངས་དང་། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུར་ཤུགས་རྒྱག་པ། གནད་སྨིན་དབུལ་སྐྱོར་དང་། གནད་སྨིན་དབུལ་སྒྲོལ་ལ་སྐུལ་འདེད། དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་བསྟར། སློབ་གསོ་སྔོན་ལ་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོ་དོ་སྙོམས་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད། རིམ་དབྱེའི་སྨན་བཅོས་དང་སྨན་བཅོས་མཉམ་འབྲེལ་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ། གཅིག་གྱུར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་དང་། སྨན་བཅོས་འགན་བཅོལ་ལམ་ལུགས་འཛུགས་པ། སྤྱི་ཚོགས་རོགས་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་འགན་ལེན་གྱི་བདེ་འཇགས་དྲ་བ་གང་མགྱོགས་འཛུགས་པ་བཅས་གནང་ནས། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། མི་དང་རང་བྱུང་ཁམས་འཆམ་མཐུན་ངང་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་དང་། ཁོར་ཡུག་གི་སྦགས་བཙོག་བཅོས་སྒྲིག་བྱེད་པར་ཤུགས་རྒྱག་པ། འབྱུང་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་དགེ་མཚན་ལྡན་པའི་གོང་འཕེལ་ཡོང་བ་བཅས་གནང་ཡོད། ཁྲིམས་ལྟར་སྲིད་གཞུང་གི་འགན་ནུས་ཁྱོན་ཡོངས་ནས་སྒྲུབ་པར་སྐུལ་འདེད་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ། བསྲུང་བྱ་རྣམ་གསུམ་རྒྱུན་འཁྱོངས་བཅས་གནང་ནས། མི་དམངས་ཀྱི་བློ་ལ་བབ་པའི་ཁྲིམས་སྐྱོང་སྲིད་གཞུང་དང་། གསར་གཏོད་སྲིད་གཞུང་། སྤྱོད་གཙང་སྲིད་གཞུང་། ཞབས་ཞུ་ཅན་གྱི་སྲིད་གཞུང་བཅས་འཛུགས་སྐྱོང་ཧུར་ཐག་གནང་ཡོད།
2017ལོའི་ཟླ་10པར། བློ་མཐུན་ལི་ཁེ་ཆང་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་སླར་ཡང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན་ལ་བདམས་ཐོན་བྱུང་ཡོད། 2018ལོའི་ཟླ་3པར། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཁོང་སླར་ཡང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་བསྐོ་གཞག་གནང་བ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའི་ཧྲུའུ་ཅིའི་འགན་བཞེས་གནང་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་འཛམ་གླིང་གི་འགྱུར་ལྡོག་ཤུགས་ཇེ་ཆེར་འགྲོ་བ་དང་། ཏོག་གསར་རིམས་ནད་ཀྱི་རྡབ་གསིག་ཕོག་པ། རྒྱལ་ནང་གི་དཔལ་འབྱོར་ཆག་པ་སོགས་ཀྱི་ཚོད་བགམ་མང་པོ་འཕྲད་སྐབས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་གཞི་གདངས་རྒྱུན་འཁྱོངས་གནང་བ་དང་། གོང་འཕེལ་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། འཕྱུགས་པ་མེད་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་གནང་བ། གོང་འཕེལ་ཀྱི་གྲུབ་གཞི་གསར་པ་བཏོད་པ། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་བཏང་བ། གོང་འཕེལ་དང་བདེ་འཇགས་ལ་སྤྱི་འདོམས་གནང་བ། བརྟན་པོ་དྲུག་དང་འགན་ལེན་དྲུག་གྱི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་བཅས་གནང་ནས། འཕར་སྣོན་བརྟན་པོ་དང་། བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། གྲུབ་གཞི་ལེགས་སྒྲིག་བྱེད་པ། དམངས་འཚོར་ཕན་འདོགས་པ། ཉེན་ཁ་འགོག་པ། བརྟན་ལྷིང་འགན་སྲུང་སོགས་ཀྱི་ལས་དོན་ཁག་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་གནང་ཡོད། སྤྱི་ཁོག་སྙོམས་སྒྲིག་བྱེད་སྟངས་གསར་གཏོད་དང་། ནོར་སྲིད་དང་དངུལ་ལོར་སོགས་ཀྱི་སྲིད་ཇུས་གཅིག་གྱུར་འཆར་འགོད་ཀྱིས་བཀོལ་སྤྱོད་བྱེད་པ། ཚད་བརྒལ་གཞི་ཁྱོན་ཆེ་བའི་ཁྲོམ་རའི་བཟང་ཆར་གཞི་རྐང་ཚུགས་པ། ནང་མཁོ་རྒྱ་སྐྱེད་པའི་འཐབ་ཇུས་ལག་ལེན་བསྟར་རྒྱུ་རྒྱུན་འཁྱོངས། ཞན་ཆ་ཁ་གསབ་དང་། གྲུབ་ཚུལ་ལེགས་སྒྲིག གཏིང་ཤུགས་ཆེ་རུ་གཏོང་བ་བཅས་ལ་དམིགས་ནས་ཕན་ནུས་ལྡན་པའི་མ་དངུལ་འཇོག་ཁྱོན་ཆེ་རུ་བཏང་བ་དང་། འགྲིམ་འགྲུལ་དང་། ཆུ་བེད། ནུས་ཁུངས་སོགས་རྨང་གཞིའི་སྒྲིག་བཀོད་དང་དམངས་འཚོའི་ལས་གྲྭ་འཛུགས་སྐྲུན་ལ་རྒྱབ་སྐྱོར། ཐབས་མང་མཉམ་སྤྱོད་ཐོག་ནས་འཛད་སྤྱོད་ལ་སྐུལ་འདེད་བཏང་བ་བཅས་ཀྱི་ཐོག་ནས། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་ཁམས་སུ་རྒྱུན་འཁྱོངས་ཐུབ་པ་གནང་ཡོད། དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་ནུས་ཆེ་རུ་བཏང་བ་དང་། ཕྱོགས་བསྡུས་ཐོག་ནས་སྲིད་ཇུས་ལག་བསྟར་བྱས་ཏེ་ཁེ་ལས་ཀྱི་གཉེར་སྐྱོང་མ་གནས་དམའ་རུ་བཏང་བ། གཉེར་སྐྱོང་བྱེད་པོས་རྡབ་གསིག་ལ་ཁ་གཏད་གཅོག་པ་དང་དཀའ་གནད་ལས་སྒྲོལ་བར་དུས་ཐོག་ཏུ་རོགས་རམ་བཅས་གནང་ཡོད། གསར་གཏོད་ལ་བརྟེན་ནས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་གནང་བ་དང་། ཐོན་ལས་ཀྱི་གྲུབ་གཞི་ལེགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་བ། གསར་གཏོད་ལ་དམ་པོར་བརྟེན་ནས་དངོས་ཚན་དཔལ་འབྱོར་གོང་འཕེལ་ཀྱི་ཆུ་ཚད་མཐོ་རུ་བཏང་བ། གྲངས་འཛིན་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་བ། གོང་འཕེལ་ཀྱི་སྒུལ་ནུས་གསར་པ་རྒྱུན་ཆད་མེད་པར་སྐྱེད་སྲིང་དང་སྟོབས་ཆེར་བཏང་བ། ཕྱི་ཕྱོགས་ཀྱི་གནོན་ཤུགས་དང་ཚོད་འཛིན་ལ་ཁ་གཏད་ནུས་ལྡན་བཅག་པ། ས་ཁོངས་མཐུན་སྦྱོར་ངང་གོང་འཕེལ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་བཏང་བ། འགན་སྲུང་རང་བཞིན་གྱི་སྡོད་ཁང་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་བཏང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་རྙིང་པ་བསྒྱུར་བཀོད་ལ་སྐུལ་འདེད་བཏང་བ། ས་ཁོངས་གོང་འཕེལ་གྱི་དོ་སྙོམས་རང་བཞིན་དང་མཐུན་སྦྱོར་རང་བཞིན་ཆེ་རུ་བཏང་བ། དཔལ་འབྱོར་འཕར་སྣོན་གྱི་སྒུལ་ཤུགས་འབྱུང་ཁུངས་སྔར་ལས་མང་བ་གསོ་སྤེལ་བཅས་གནང་ཡོད། ཞིང་ལས་སྟོབས་ཆེར་གཏོང་བ་དང་ཞིང་པར་གཟིགས་སྐྱོང་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་བཏང་བ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་མགྱོགས་སུ་བཏང་བ། གཞི་ཁྱོན་འོས་འཚམ་ལྡན་པའི་གཉེར་སྐྱོང་བྱེད་སྟངས་སྣ་ཚོགས་བརྟན་པོའི་ངང་སྤེལ་བ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཡོང་བར་འགན་སྲུང་ཏན་ཏིག་བཅས་གནང་ཡོད། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་ཀྱི་བསམ་བློ་ལག་བསྟར་གནང་བ་དང་། གཞི་རྩ་འགན་སྲུང་དང་། གཞི་ཐིག་སྲུང་འཛིན། དྲང་གཞག་ལ་སྐུལ་འདེད་གཏོང་རྒྱུ་བཅས་ལ་ཤུགས་རྒྱག་པ། ལས་ཞུགས་སྔོན་ལ་འཛིན་པའི་སྲིད་ཇུས་ཀྱི་ཁྲིད་ཕྱོགས་ལ་ཤུགས་སྣོན་བརྒྱབ་པ་དང་། ཁེ་ལས་ཀྱི་ལས་གནས་བརྟན་པོ་དང་ལས་གནས་རྒྱ་སྐྱེད་གཏོང་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ། སློབ་གསོ་དྲང་སྙོམས་དང་སྤུས་ཀ་མཐོར་འདེགས་ཡོང་བར་སྐུལ་འདེད་བཏང་བ། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བསྒྱུར་བཅོས་ཟབ་སྤེལ། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཆེ་རུ་བཏང་བ། སྤྱི་ཚོགས་འགན་སྲུང་དང་ཞབས་ཞུར་ཤུགས་སྣོན་བརྒྱབ་པ་བཅས་གནང་ཡོད། དབུལ་སྒྲོལ་འགག་གཏོར་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། ཡུལ་གཞན་དུ་གནས་སྤོའི་རྗེས་མཐུད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་བ་བཅས་གནང་ཡོད། སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་དོན་འཁྱོལ་དང་། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན། སྦགས་མེད་ཐཱན་ཉུང་གོང་འཕེལ་ལ་སྐུལ་འདེད། འབྱུང་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོབ་པར་སྐུལ་འདེད་བཅས་བཏང་གནང་ཡོད།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འགན་བཞེས་རྗེས། བློ་མཐུན་ལི་ཁེ་ཆང་ནས་ད་དུང་སྔ་རྗེས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་བྱང་ཤར་ས་ཁུལ་སོགས་བཟོ་ལས་ཀྱི་རྟེན་གཞི་རྙིང་པ་དར་རྒྱས་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ནུབ་རྒྱུད་ས་ཁུལ་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་། རྒྱལ་ཁབ་ཚན་རྩལ་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་། རྒྱལ་ཁབ་ཚན་རྩལ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་། རྒྱལ་ཁབ་ཀྱི་གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པ་དང་ནུས་རྒྱུ་གྲོན་ཆུང་དང་སྦགས་བཙོག་ཉུང་གཏོང་ལས་ཀའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་། རྒྱལ་ཁབ་ནུས་ཁུངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་སོགས་ཀྱི་འགན་གནས་གཅིག་ལྕོགས་སུ་བཞེས་ཏེ་ཚན་རྩལ་དང་། སློབ་གསོ། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བྱང་ཤར་ཁྱོན་ཡོངས་དར་རྒྱས། ནུབ་རྒྱུད་ཐོན་གསར་སྤེལ་ཆེན་མོ་སོགས་ཁྱབ་ཁོངས་སུ་འབད་པ་ལྷུར་ལེན་གནང་ཡོད། ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས། བློ་མཐུན་ལི་ཁེ་ཆང་གིས་ཀྲུང་དབྱང་གིས་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གི་འགན་བཞེས་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག མི་དམངས་གོང་མའི་གོང་དུ་བཀུར་བ་དང་ཚེ་སྲོག་རྩ་བའི་རྩེ་ལ་འཛིན་རྒྱུ་རྒྱུན་འཁྱོངས་གནང་ནས། སྨན་བཅོས་ཐོན་ཁུངས་དང་དངོས་རྫས་འགན་ལེན་བྱ་ཤུགས་ཆེ་རུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་ནད་པ་སྐྱོབ་བཅོས་བྱེད་པ། དུས་དང་བབ་ལ་བསྟུན་ནས་སྔོན་འགོག་ཚོད་འཛིན་གྱི་སྲིད་ཇུས་བྱ་ཐབས་ལེགས་སྒྲིག་བྱེད་པ། དུས་ཐོག་ཏུ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཐུབ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་བ། མཁོ་སྤྲོད་འགན་ལེན་དང་ཟོག་གོང་བརྟན་པོ་ཡོང་རྒྱུར་ཤུགས་སྣོན་རྒྱག་པ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་གང་ཐུབ་ཅི་ཐུབ་ཀྱིས་སྲུང་སྐྱོབ་བྱེད་པ་བཅས་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འཆར་འགོད་བྱ་རྒྱུའི་ཐད་གྲུབ་འབྲས་གལ་ཆེན་ཐོབ་རྒྱུར་སྐུལ་འདེད་བཏང་གནང་ཡོད།
བློ་མཐུན་ལི་ཁེ་ཆང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་གནང་བ་དང་། ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞིགས་ནས་ལས་དོན་བསྒྲུབ་རྒྱུ་རྒྱུན་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། དཔལ་འབྱོར་སྒྲིག་གཞི་བསྒྱུར་བཅོས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་གྱི་བསྒྱུར་བཅོས་ཁ་ཕྱོགས་རྒྱུན་འཁྱོངས། སྲིད་གཞུང་དང་ཁྲོམ་རའི་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བཅས་བྱས་པས། ཐོན་ཁུངས་བཀོད་སྒྲིག་ཁྲོད་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་སྔར་ལས་ཡག་པ་ཐུབ་པ་ཡོད་པ་དང་། སྲིད་གཞུང་གི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པ་ཐུབ་པ། ནུས་ཕྱོད་ལྡན་པའི་ཁྲོམ་ར་དང་འཇོན་ནུས་ཆེ་བའི་སྲིད་གཞུང་གཉིས་ཟུང་འབྲེལ་སྔར་བས་ཡག་པ་བྱེད་པར་སྐུལ་འདེད་བཏང་གནང་ཡོད། ཁོང་གིས་སྲིད་གཞུང་གི་འགན་ནུས་བརྗེ་སྒྱུར་དང་སྲིད་འཛིན་སྒྲིག་གཞི་སྒྱུར་བཅོས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་གནང་བ་དང་། ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་འདེད་ཏན་ཏིག་བཏང་གནང་བ། སྲིད་འཛིན་གྱི་ནུས་ཕྱོད་ཆེ་རུ་བཏང་གནང་བ། སྲིད་གཞུང་གི་ཀུན་གྱི་ཡིད་རྟོན་ཐོབ་ཚད་དང་སྲིད་གཞུང་གི་ལག་བསྟར་བྱེད་ནུས་ཆེ་རུ་གཏོང་བ་བཅས་གནང་ནས། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ནུས་ཤུགས་ཡོད་རྒུས་གཏོད་གནང་ཡོད། ཁོང་གིས་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས་རྒྱུན་འཁྱོངས་གནང་བ་དང་། དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་གནང་བ། གཞུང་ཁོངས་ཁེ་ལས་ཀྱིས་འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོ་ལེགས་སྒྲིག་བསྐྱར་འཛུགས་དང་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་དང་། དམངས་གཉེར་ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་གནང་ཡོད། ཁོང་གིས་ནོར་ཁྲལ་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་གནང་བ་དང་། སྔོན་རྩིས་དོ་དམ་གྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་གནང་བ། ཀྲུང་དབྱང་དང་ས་གནས་ནོར་སྲིད་ཀྱི་འགན་དབང་དང་གཏོང་སྤྲོད་ཀྱི་འགན་འཁྲི་ཁག་བགོས་སྒྱུར་བཅོས་ལ་སྐུལ་འདེད་བཏང་གནང་བ། ཁྲལ་བསྡུའི་དོ་དམ་སྒྱུར་བཅོས་ལག་བསྟར་གནང་བ། དངུལ་རྩའི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་གནང་བ། དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེབས་ཞུ་བའི་ནུས་ཕྱོད་ཆེ་རུ་བཏང་གནང་བ། མ་དངུལ་བསྡུ་སྒྲིལ་དཀའ་བ་དང་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་མཐོ་བའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་གནང་བ་བཅས་མཛད་ཡོད། ཁོང་གིས་ཚན་རྩལ་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་གནང་བ་དང་། ཚན་ཞིབ་རྣམ་གྲངས་དང་གྲོན་དངུལ་དོ་དམ་ལམ་ལུགས་སྒྱུར་བཅོས་གནང་བ། ཚན་ཞིབ་ཚན་པ་དང་ཚན་ཞིབ་མི་སྣར་དེ་བས་ཆེ་བའི་རང་བདག་དབང་ཆ་སྤྲད་གནང་བ། ཁྲོམ་ར་ཅན་གྱི་ལམ་སྲོལ་བརྒྱུད་ཁེ་ལས་ཀྱིས་གསར་གཏོད་བྱ་རྒྱུར་སྐུལ་ལྕག་གནང་བ། ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ནུས་པ་ཆེ་རུ་ནུས་ལྡན་བཏང་གནང་ཡོད། ཁོང་གིས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་སྲིད་ཇུས་དོན་འཁྱོལ་མཐའ་གཅིག་ཏུ་གནང་བ་དང་། སྔར་བས་ཧུར་བརྩོན་དང་རང་འགུལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་གནང་བ། གཞི་ཁྱོན་སྔར་ལས་ཆེ་བ་དང་། ཁྱབ་ཁོངས་སྔར་བས་ཡངས་པ། བང་རིམ་སྔར་བས་ཟབ་པ་བཅས་ཀྱི་སྒོ་ནས་ཕྱི་ཕྱོགས་སྒོ་འབྱེད་ལག་བསྟར་གནང་བ། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཉོ་ཚོང་གི་སྒྲིག་གཞི་དང་རང་འགུལ་ངང་སྦྲེལ་མཐུད་གནང་བ། ཆུ་ཚད་མཐོ་བའི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་ཧུར་ཐག་ངང་འཛུགས་པ། ཉོ་ཚོང་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད། གཉིས་ཕན་མཉམ་རྒྱལ་གྱི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཟབ་སྤེལ་བཅས་གནང་སྟེ། ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་བརྟེན་ནས་བསྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་སྔར་ལས་ལྷག་པར་བཏང་གནང་ཡོད།
བློ་མཐུན་ལི་ཁེ་ཆང་གིས་མི་དམངས་མང་ཚོགས་ལ་བརྩེ་དུང་ཟབ་མོ་བཅངས་གནང་བ་དང་། ཡོད་ཚད་ཀྱི་ནང་ནས་མི་དམངས་ཀྱི་ཁེ་ཕན་གཙོ་བོར་འཛིན་པ། མི་དམངས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་གི་གནད་དོན་ཐག་གཅོད་ཧུར་ཐག་གནང་ཡོད། ཁོང་གིས་རྟག་ཏུ་ཁེ་ལས་དང་། བཟོ་གཏེར། ཞིང་ཁུལ། གཞི་རིམ་བཅས་ཀྱི་ལས་ཡུལ་དངོས་ལ་ཕེབས་ནས། མང་ཚོགས་ཀྱི་བསམ་འདུན་ཞིབ་པར་གསན་པ་དང་། ས་གནས་ས་ཐོག་ཏུ་མང་ཚོགས་ཀྱི་བདེ་སྡུག་མཁྱེན་རྟོགས་གནང་བ། དམངས་ཀྱི་སེམས་ཁྲལ་སེལ་བ་དང་དམངས་ཀྱི་དཀའ་ངལ་སེལ་རྒྱུར་སྣང་ཆེན་གནང་གི་ཡོད། ཁོང་གིས་འཕེལ་རྒྱས་ཀྱི་རྨང་གཞིའི་ཐོག་དམངས་ཕན་གྱི་བྱ་བ་མང་ཙམ་སྒྲུབ་པ་དང་། དམངས་འཚོའི་དཀའ་གནད་མང་ཙམ་སེལ་བ། མང་ཚོགས་ཀྱི་ལས་ཞུགས་དང་། སློབ་གསོ། སྡོད་ཁང་། སྨན་བཅོས། རྒན་གསོ་སོགས་ཐད་ཀྱི་མངོན་གསལ་དོད་པའི་དཀའ་ངལ་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཡག་པོ་བྱས་ཏེ། དམངས་འཚོའི་མཐའ་ཚད་བརྟན་པོར་བསྲུངས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་ཚོར། བདེ་ཚོར་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་ནན་སྟོན་ཡང་ཡང་གནང་ཡོད།
བློ་མཐུན་ལི་ཁེ་ཆང་ནི་ཏན་ཏན་ཏིག་ཏིག་གནང་མཁན་ཞིག་ཡིན་པ་དང་། ཁོང་གིས་གཏམ་དྲང་པོ་ཤོད་པ་དང་ལས་དོན་དངོས་སྒྲུབ་པའི་ལས་ཀའི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་བཏང་ཞིང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་བྱ་རྒྱུར་སྣེ་ཁྲིད་གནང་ཡོད། ཁོང་གིས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་མགྱོགས་ལམ་མེད་པས་དངོས་སྒྲུབ་ནི་གལ་འགངས་ཆེན་པོ་ཡིན། སྒྲུབ་རྒྱུ་ཨང་དང་པོར་བཞག་སྟེ། དམ་པ་དོན་གཉེར་དང་དཀའ་སྤྱད་འབད་འཐབ་ཀྱིས་ལས་དོན་སྒྲུབ་པ་དང་། དོན་དངོས་དང་ཟུང་སྦྲེལ་གྱིས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་སྒྲུབ་དགོས། ཀྲུང་དབྱང་དང་ས་གནས་ཕྱོགས་གཉིས་པོའི་ཧུར་སེམས་འདོན་སྤེལ་གང་ལེགས་བྱེད་པ་དང་། ས་གནས་ནས་ཡུལ་བབ་དང་བསྟུན་པ་དང་བློ་ཁོག་ཆེན་པོས་འཚོལ་ཞིབ་བྱ་རྒྱུར་སྐུལ་མ་བཏང་ནས། གཅིག་ལ་གཅིག་འགྲན་ངང་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་ཤིང་། ལྟ་སྐུལ་ཞིབ་བཤེར་དང་འགན་དཀྲི་བདའ་འདེད་གཏོང་ཤུགས་ཆེ་རུ་བཏང་སྟེ། སྲིད་ལས་ལ་འདོ་མེད་དང་། སྲིད་ལས་ལ་སྒྱིད་ལུག སྲིད་ལས་ལ་ལེ་ལོ་བྱེད་པ་བཅས་ཀྱི་བྱ་སྤྱོད་དག་ཐེར་ནན་པོ་བྱེད་དགོས་པ་དང་། སྲིད་དོན་ཡིད་རྟོན་ཤོར་རིགས་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་དགོས། བསྒྱུར་བཅོས་བྱ་ཐབས་དང་སྙིང་རུས་ལྷོད་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་དཀའ་གནད་ཐག་གཅོད་དང་གསོན་ཤུགས་རྒྱས་སུ་འཇུག་དགོས་པ་དང་། ལས་དོན་སྒྲུབ་མཁན་ལ་སྐུལ་ལྕག་དང་འགན་འཁྲི་འཁུར་མཁན་ལ་རྒྱབ་སྐྱོར་བྱས་ཏེ། ལས་དོན་དངོས་སྒྲུབ་སྟེ་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་ལས་དོན་དངོས་སྒྲུབ་ནས་འབྱུང་འགྱུར་གྱི་རྒྱལ་ཁ་ཐོབ་པ་བྱེད་དགོས་ཞེས་གསུངས་མྱོང་ཡོད།
2023ལོའི་ཟླ་3པར། བློ་མཐུན་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འགན་གནས་བཞེས་མཚམས་བཞག་པ་རེད། འགོ་ཁྲིད་ཀྱི་འགན་གནས་བཞེས་མཚམས་བཞག་རྗེས། ཁོང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་ལ་བརྩི་བཀུར་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་བ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་ལ་ཐུགས་ཁུར་གནང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་གནང་ཡོད།
བློ་མཐུན་ལི་ཁེ་ཆང་ནི་ཀྲུང་གུང་སྐབས་བཅོ་ལྔ་པ་དང་། སྐབས་བཅུ་དྲུག་པ། སྐབས་བཅུ་བདུན་པ། སྐབས་བཅོ་བརྒྱད་པ། སྐབས་བཅུ་དགུ་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན་དང་། སྐབས་བཅུ་བདུན་པ་དང་། སྐབས་བཅོ་བརྒྱད་པ། སྐབས་བཅུ་དགུ་པ་བཅས་ཀྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན། སྐབས་བརྒྱད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཡིན།
བློ་མཐུན་ལི་ཁེ་ཆང་གིས་གུང་ཁྲན་རིང་ལུགས་ཀྱི་བླ་ན་མེད་པའི་ཕུགས་བསམ་ལ་བློ་བརྟན་འགྱུར་མེད་གནང་བ་དང་། ཏང་དང་མི་དམངས་ལ་བློ་དཀར་སེམས་དཀར་ཚད་མེད་གནང་ཞིང་། ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་དུ་བློ་བརྟན་འགྱུར་མེད་ངང་འབད་འཐབ་གནང་ཡོད། ཁོང་གིས་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་སློབ་སྦྱོང་ནན་ཏན་གནང་ནས། བསམ་བློ་དང་ཆབ་སྲིད་བྱ་སྤྱོད་བཅས་ཀྱི་ཐད་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་གནང་ཡོད། ཁོང་གིས་ཆབ་སྲིད་ཀྱི་འདུ་ཤེས་དང་། གནས་བབ་ཧྲིལ་པོའི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། རུ་སྣེར་ལྟ་བའི་འདུ་ཤེས་བཅས་བརྟན་པོ་བཙུགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་ཞུས་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་ཞུས་ཡོད། ཁོང་ལ་ཏང་གཤིས་ཀྱི་རྩ་དོན་བརྟན་པོ་ལྡན་པ་དང་། ཆབ་སྲིད་ལ་སྣང་ཆེན་དང་ཁྱོན་ཡོངས་ལ་ལྟ་རྟོག་གནང་ཞིང་། ཏང་གི་བྱ་གཞག་དང་མི་དམངས་ཀྱི་ཁེ་ཕན་ཨང་དང་པོར་བཞག་གནང་ནས་ཏང་ལ་བློ་དཀར་སེམས་དཀར་དང་། ཏང་གི་དཀའ་ངལ་སེལ་རོགས། ཏང་གི་ཆེད་དུ་རང་འགན་གཙང་སྒྲུབ། དམངས་ལ་བདེ་སྐྱིད་བསྐྲུན་པ་བཅས་ཏན་ཏིག་གནང་ཡོད། ཁོང་གིས་ཐམས་ཅད་དོན་དངོས་ལ་གཞིགས་ནས་རིགས་པའི་གཞུང་ལུགས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་གནང་བ་དང་། མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ་བྱེད་ཐབས་བཅས་སྤྱད་དེ་གནད་དོན་ལ་དབྱེ་ཞིབ་དང་། གནད་དོན་ཐག་གཅོད། ལག་ལེན་ལ་ཁྲིད་སྟོན། ལས་ཀར་སྐུལ་འདེད་བཅས་བྱ་རྒྱུར་མཐོང་ཆེན་གནང་གི་ཡོད། ཁོང་གིས་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་མཐའ་འཁྱོངས་དང་ཏང་གི་མཉམ་སྡེབ་འགོ་ཁྲིད་མཐའ་འཁྱོངས་གནང་བ་དང་། མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་གནང་ཞིང་། བསམ་འཆར་མི་འདྲ་བ་གསན་མཁས་པ་དང་། ཕྱོགས་ཁག་གི་ཧུར་སེམས་སྐུལ་སློང་དང་འདོན་སྤེལ་གནང་གི་ཡོད། ཁོང་ནི་ཕྱི་གསལ་ནང་གསལ་ཞིག་ཡིན་པ་དང་། ཧུར་ཐག་འབད་ཐག་གནང་མཁན་དང་ངལ་བ་དང་འཁང་ར་གཉིས་བཟོད་གནང་མཁན་ཞིག་ཡིན། ཁོང་ནི་ཁེངས་སྐྱུང་གཟབ་ནན་དང་། བབ་ཆགས་གཤིབ་བདེ། རང་གཅུན་ནན་པོ། སྤྱོད་གཙང་གཞུང་དྲང་། འཚོ་བ་བབ་ཆགས་བཅས་གནང་མཁན་ཞིག་དང་། ནང་མི་དང་ཉེ་འགྲམ་གྱི་ལས་དོན་མི་སྣར་བླང་བྱ་ནན་པོ་འདོན་གནང་མཁན་ཞིག་ཡིན་ཞིང་། སྔ་ཕྱི་བར་གསུམ་དུ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་ངོ་བོ་དང་བླ་ན་མེད་པའི་བསམ་པའི་འཁྱེར་སོ་རྒྱུན་འཛིན་གནང་མཁན་ཞིག་ཡིན།
བློ་མཐུན་ལི་ཁེ་ཆང་གི་སྐུ་ཚེ་ཧྲིལ་པོ་ནི་གསར་བརྗེའི་སྐུ་ཚེ་ཧྲིལ་པོ་དང་། འབད་འཐབ་ཀྱི་སྐུ་ཚེ་ཧྲིལ་པོ། འོད་སྟོང་འཕྲོ་བའི་སྐུ་ཚེ་ཧྲིལ་པོ་ཡིན་ཞིང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་སྐུ་ཚེ་ཧྲིལ་པོ་ཡིན་ལ། གུང་ཁྲན་རིང་ལུགས་ཀྱི་བྱ་གཞག་ལ་རང་སྲོག་བློས་གཏོང་བའི་སྐུ་ཚེ་ཧྲིལ་པོ་ཡང་ཡིན། ཁོང་སྐུ་གཤེགས་པ་ནི་ཏང་དང་རྒྱལ་ཁབ་ཀྱི་གྱོང་གུན་ཆེན་པོ་ཞིག་རེད། ང་ཚོས་སྡུག་བསྔལ་སྟོབས་ཤུགས་སུ་བསྒྱུར་ནས་ཁོང་གི་གསར་བརྗེའི་སྙིང་སྟོབས་དང་། བླ་ན་མེད་པའི་ཀུན་སྤྱོད། སྤྱོད་ཚུལ་བཟང་པོ་བཅས་ལ་སློབ་སྦྱོང་ཞུས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཆེ་རུ་གཏོང་བ་དང་། “བློ་སྤོབས་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཐོག ཡིད་ཆེས་བརྟན་ གཏོང་དང་བློ་གཅིག་སེམས་གཅིག ངར་སེམས་ཆེར་སྐྱེད་དང་དཔའ་ངར་ཞུམ་མེད་ཀྱིས་མདུན་སྐྱོད་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།
བློ་མཐུན་ལི་ཁེ་ཆང་ཇི་སྲིད་བར་དུ་མི་ནུབ་པར་གྱུར་ཅིག