རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-11-06   རྩོམ་ཁུངས།    中央广播电视总台藏语
ཞི་ཅིན་ཕིང་གིས། 2018ལོ་ནས་བཟུང་། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་སྐབས་ལྔ་བདེ་བླག་ངང་གཉེར་བ་དང་། ཀྲུང་གོའི་ཁྲོམ་ར་ཆེ་མོའི་ལེགས་ཆར་བརྟེན་ནས་རྒྱལ་སྤྱིའི་ཉོ་སྒྲུབ་དང་། མ་འཇོག་ལ་སྐུལ་འདེད། མི་ཆོས་རིག་གནས་སྤེལ་རེས། སྒོ་དབྱེ་མཉམ་ལས་བཅས་ཀྱི་སྟེགས་བུའི་ནུས་པ་འདོན་སྤེལ་བྱས་ཡོད་པས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་རྒྱུ་དང་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་བསྟན་འདུག
ཞི་ཅིན་ཕིང་གིས། མིག་སྔར། འཛམ་གླིང་གི་དཔལ་འབྱོར་སླར་གསོའི་སྒུལ་ཤུགས་འདང་ངེས་མེད་པས། རྒྱལ་ཁབ་ཁག་གིས་ཕྱར་བ་གྲུ་འདེགས་དང་མཉམ་དུ་འཕེལ་རྒྱས་ཡོང་ཐབས་བྱེད་དགོས། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་འཕེལ་རྒྱས་ཡོང་བའི་གོ་སྐབས་གལ་ཆེན་ཞིག་ཡིན་པས། ཆུ་ཚད་མཐོ་བའི་སྒོ་དབྱེར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་རྒྱུ་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དེ་བས་སྒོ་དབྱེ་དང་། ཁོང་ཡངས། ཀུན་ཕན། དོ་སྙོམས། མཉམ་རྒྱལ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་ཀྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་སྐར་ཁུང་ནུས་པ་མགྱོགས་མྱུར་ཆེ་རུ་བཏང་ནས། ཀྲུང་གོའི་འཕེལ་རྒྱས་གསར་པར་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་པ་གཏོད་པ་དང་། ཆུ་ཚད་མཐོ་བའི་སྒོ་དབྱེར་སྐུལ་འདེད་གཏོང་བའི་སྟེགས་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཀྲུང་གོའི་ཁྲོམ་ར་ཆེན་པོ་དེ་འཛམ་གླིང་ནས་མཉམ་སྤྱོད་བྱེད་པའི་ཁྲོམ་ར་ཆེན་པོ་ཞིག་ཏུ་འགྱུར་བ་བྱེད་པ། གོ་ལ་ཧྲིལ་པོས་མཉམ་སྤྱོད་བྱེད་པའི་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་ཀྱི་ཞབས་ཞུ་སྔར་བས་ཡག་པོ་མཁོ་འདོན་བྱས་ནས། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མཉམ་ལས་མཉམ་རྒྱལ་གྱིས་འཛམ་གླིང་ལ་ཕན་པ་འདོགས་ཐུབ་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་འདུག
སྐབས་དྲུག་པའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་དེ་ཚེས་5ཧྲང་ཧའེ་གྲོང་ཁྱེར་དུ་འགོ་ཚུགས་པ་དང་། བརྗོད་དོན་གཙོ་བོ་ནི“དུས་རབས་གསར་པ། འབྱུང་འགྱུར་མཉམ་དུ་ལོངས་སྤྱོད་བྱེད”ཅེས་པ་དེ་ཡིན་པ་དང་། ཚོང་དོན་པུའུ་དང་ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ཡོད།