རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-11-08   རྩོམ་ཁུངས།    མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
ཉེ་ཆར། ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡིས《རེས་སྐོར་དྲུག་པའི“དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་དུ་བསྐྱོད་པའི”སྐོར་གྱི་བརྡ་ཁྱབ》ཁྱབ་བསྒྲགས་བྱས། 《བརྡ་ཁྱབ》ནང་ཕོ་བྲང་པོ་ཏ་ལའི་མཛེས་ལྗོངས་ཁུལ་གྱིས་གོང་རིམ་སྡེ་ཁག་གི་ཆོག་མཆན་ཐོབ་པ་ལྟར། 2023ལོའི་ཟླ11པའི་ཚེས1ཉིན་ནས2024ལོའི་ཟླ3པའི་ཚེས15ཉིན་བར་རེས་སྐོར་དྲུག་པའི“དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་དུ་བསྐྱོད་པའི”བྱེད་སྒོའི་སྲིད་ཇུས་ལག་བསྟར་བྱས། དེའི་རིང་དུ། ཕོ་བྲང་པོ་ཏ་ལར་རིན་མི་དགོས་པར་ལྟ་སྐོར་བྱས་ཆོག་ལ། ལྟ་སྐོར་བྱེད་པའི་དུས་ཚོད་ནི་སྔ་དྲོའི་ཆུ་ཚོད9དང་སྐར་མ30ནས་ཕྱི་དྲོའི་ཆུ་ཚོད15དང་སྐར་མ20བར་ལེགས་སྒྲིག་བྱས།
《བརྡ་ཁྱབ》ནང་བསྟན་དོན། ཕོ་བྲང་པོ་ཏ་ལར་ལྟ་སྐོར་དུ་བསྐྱོད་མཁན་གྱི་ཡུལ་སྐོར་བས་ཉིན་བཅུའི་སྔོན་ལ“ཕོ་བྲང་པོ་ཏ་ལའི་སྤ་སེ་སྔོན་མངགས་མ་ལག”སྐད་འཕྲིན་གྱི་མ་ལག་ཆུང་ངུའི་སྟེང་སྔོན་མངགས་སྤ་སེ་ཐོ་འགོད་བྱེད་དགོས། སྔོན་མངགས་ལེགས་གྲུབ་བྱུང་རྗེས་ལྟ་སྐོར་ཉིན་ནས་བཟུང་ཉིན་བདུན་རིང་ལ་སྤ་སེ་ཐེངས་གཉིས་ལ་ཉོས་མི་ཆོག ལྟ་སྐོར་བྱེད་པའི་ཉིན་དེར། ཡུལ་སྐོར་བས་ཆུ་ཚོད་གཅིག་གི་སྔོན་ལ་ཕོ་བྲང་པོ་ཏ་ལའི་སྒོ་འགྲམ་དུ་བདེ་འཇགས་ཞིབ་བཤེར་བྱེད་དགོས་ཤིང་། ལྟ་སྐོར་གྱི་དུས་ཚོད་ནར་འགྱངས་མི་ཡོང་བ་བྱེད་དགོས། གཞན་ལོ60ཡན་གྱི“རིག་ནུས་ལག་རྩལ་སྤྱོད་དཀའ་བའི”རྒན་རྒོན་དང་དམིགས་བསལ་མི་ཚོགས་ཀྱིས་ཉིན་གཅིག་གི་གོང་དུ“ཕོ་བྲང་པོ་ཏ་ལའི་སྤ་སེ་སྔོན་མངགས་ཁང”དུ་སང་ཉིན་གྱི་ལྟ་སྐོར་སྤ་སེ(སྔ་དྲོའི་ཆུ་ཚོད9དང་སྐར་མ30ནས་བཟུང་སྤ་སེ་སྤྲོད་མགོ་འཛུགས་རྒྱུ)སྔོན་མངགས་བྱེད་དགོས། ལོ15མན་གྱི་བྱིས་པས་སྔོན་མངགས་བྱེད་མི་དགོས། གཞན་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡིས་གསལ་འདེབས་བྱས་པར། ཡུལ་སྐོར་བར་དྲ་ཚིགས་གང་རུང་དང་ཕྱོགས་གསུམ་པའི་ལས་སྟེགས་ལ་ཕོ་བྲང་པོ་ཏ་ལའི་སྤ་སེ་མངགས་ཉོ་བྱེད་དབང་མེད་པ་དང་། སྐད་འཕྲིན་གྱི་མ་ལག་ཆུང་ངུའི་སྟེང་ཕོ་བྲང་པོ་ཏ་ལར་ལྟ་སྐོར་བྱ་རྒྱུའི་སྔོན་མངགས་བྱེད་ཐབས་གཅིག་པུ་ཡིན་ཟེར།