ལོ་གསར་ལ་བཀྲ་ཤིས་བདེ་ལེགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-11-14   རྩོམ་ཁུངས།    西藏日报藏文媒体

        ཀོང་པོའི་ལོ་གསར་ལ་ཀོང་པོའི་དུས་ཆེན་ཡང་ཟེར། ལོ་གསར་རིང་། ཕོ་མོ་རྒན་དར་གཞོན་གསུམ་ཚང་མས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ནས་གླུ་ལེན་གར་འཁྲབ་བྱེད་བཞིན་ཕན་ཚུན་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ་གི་ཡོད། ཀོང་པོའི་ལོ་གསར(ཉིང་ཁྲི་གྲོང་ཁྱེར་ཉིང་ཁྲི་རྫོང་དང་། སྨན་གླིང་རྫོང་། ཀོང་པོ་རྒྱ་མདའ་རྫོང་སོགས་ཀྱི་ས་ཁུལ)ནི་ས་ཆ་འདིའི་དུས་ཆེན་གྲ་རྒྱས་ཤོས་དེ་ཡིན་པ་དང་། དེའི་རིང་དགུ་གཏོར་གཏོང་བ་དང་། ཁྱི་ལ་གསོལ་སྟོན་གཤོམ་པ། དགུ་ཐུག་འཐུང་བ། ཆུ་ཕུད་ལེན་པ། ཞིང་ལྷ་གསོལ་བ། བསང་མཆོད་འབུལ་བ་སོགས་ཀྱི་ཡུལ་སྲོལ་སྣ་ཚོགས་ཡོད།

        དགུ་གཏོར་གཏོང་བ།

        ཀོང་པོའི་ལོ་གསར་གྱི་ཉི་ཤུ་དགུའི་དགོང་མོར། བོད་ཀྱི་སྲོལ་རྒྱུན་ལུགས་སྲོལ་ལྟར་ས་སྲོས་ཡོལ་ཙམ་ལ་དགུ་གཏོར་གཏོང་གི་ཡོད་ཅིང་། དགུ་གཏོར་གཏོང་བ་ནི་ལོ་གསར་པའི་ནང་དགའ་བདེའི་དཔལ་ལ་རོལ་ཆེད་ཡིན་ཞིང་། ཁྱིམ་ནང་གི་ནད་ན་ཚ་དང་། བཀྲ་མི་ཤིས་པ། ལྟས་ངན་པ་སོགས་གདོན་འདྲེ་ཡོངས་རྫོགས་ཕྱིར་འབུད་བྱེད་པའི་ཆོ་ག་ཞིག་ཡིན།

        ཁྱི་ལ་གསོལ་སྟོན་གཤོམ་པ།

        རང་ཁྱིམ་གྱི་ཁྱིར་དགུ་རྫས་སྟེར་བ་ནི་ཀོང་པོའི་ཁུལ་གྱི་དམིགས་བསལ་ལུགས་སྲོལ་ཞིག་ཡིན། ཀོང་པོའི་མང་ཚོགས་ཀྱིས་སྒོ་རའི་ནང་སྣུམ་བསྲེགས་ཤིང་འབྲས་དང་། མར། ཕྱུར་བ། ནོར་ལུག་གི་ཤ ཆང་། ད་དུང་རྩམ་པས་བཟོས་པའི་གཏོར་མ་སོགས་རང་ཁྱིམ་གྱི་སྒོ་ཁྱིར་སྟེར་གྱི་ཡོད། ཀོང་པོ་བ་ཚོས་དགུ་རྫས་སྣ་ཚོགས་ཡོད་པའི་ཁྲོད་ཁྱིས་སྔོན་ལ་གང་ཞིག་ཟ་མིན་ཐད་སྣང་བ་ཆེན་པོ་བྱེད་ཀྱི་ཡོད་ཅིང་། ཁྱིས་སྔོན་ལ་རྩམ་པ་དང་བག་ལེབ་བཟས་ཚེ་ལོ་ལེགས་ཡོང་བའི་སྔོན་ལྟས་སུ་བརྩི་བ་དང་། ཁྱིས་མར་དང་ཕྱུར་བ་བཟས་ཚེ་འབྲོག་པའི་དཀར་ཆུ་འབེལ་པོ་ཡོང་བའི་ངོས་འཛིན་བྱེད་ཅིང་། གལ་ཏེ། ཁྱིས་སྔོན་ལ་ཤ་བཟས་ཚེ་འདི་ནི་བཀྲ་མི་ཤིས་པའམ་རྣམ་རྟོག་ཅིག་ཏུ་བརྩི་གི་ཡོད།

        ཆུ་ཕུད་ལེན་པ།

        ཚེས་གཅིག་ཉིན་མི་ཚང་མ་ཞོགས་པ་སྔ་པོ་ནས་ལངས་ཏེ། ཆང་དང་གྲོ་མ། བསང་སོགས་ཁྱེར་ནས་ཆུ་ཕུད་ལེན་པར་འགྲོ་གི་ཡོད་པ་དང་། བསང་གི་དུ་བས་ཆུ་གཞུང་ཡོངས་སུ་སྨུག་པས་སྒྲིབ་པ་ལྟར་བཟོ་ཞིང་། ད་ལྟ། རྒྱུག་ཆུ་ནས་ཆུ་མི་ལེན་པར་སོ་སོའི་ཁྱིམ་གྱི་ཀ་ལ་ནས་ཆུ་ལེན་གྱི་ཡོད།

        ཞིང་ལྷ་གསོལ་བ་དང་བསང་མཆོད་འབུལ་བ།

        ཚེས་གཅིག་ཉིན་གྱི་ཆུ་ཕུད་དང་པོ་དཀོན་མཆོག་ལ་ཡོན་ཆབ་འབུལ་བ་དང་། དེ་ནས་མཆོད་རྫས་དང་ཆང་འཁྱེར་ནས་རང་ཁྱིམ་གྱི་ལོ་ལེགས་ཡག་ཤོས་ཀྱི་ཞིང་ཁ་དེར་སོང་ནས། ཞིང་ལྷ་གསོལ་བ་དང་བསང་མཆོད་འབུལ་གྱི་ཡོད། ཞིང་ཁར་སླེབས་རྗེས་ཚང་མས་དར་ལྕོག་འཛུགས་ཀྱི་ཡོད་པ་དང་། སོག་མ་དེ་ཞིང་ལྷའི་བཞུགས་ཁྲིར་ངོས་འཛིན་གྱི་ཡོད། དེ་ནས་རྡོ་དང་ཤིང་གིས་མཆོད་ཁྲི་བཟོས་ཏེ་དེའི་ཐོག་མཆོད་རྫས་སྣ་ཚོགས་འཇོག་པ་དང་། རྩྭ་སྲེག་པ་སོགས་བྱས་ཏེ། ཞིང་ལྷས་མཆོད་པ་འདི་དག་བཞེས་རྒྱུའི་རེ་འདུན་འཆང་གི་ཡོད།

        གོང་གི་ལུགས་སྲོལ་འདི་དག་ཕུད། ཀོང་པོའི་ལོ་གསར་རིང་རོལ་རྩེད་ཀྱི་རྣམ་གྲངས་ཤིན་ཏུ་ཕུན་སུམ་ཚོགས་པོ་ཡོད། བཅུ་པའི་ཚེས་གཅིག་ནས་བཅོ་ལྔའི་བར་རིག་གནས་རོལ་རྩེད་ཀྱི་བྱེད་སྒོ་སྣ་མང་ཕུན་སུམ་ཚོགས་ཤིང་། ཉིན་མོར་སྐྱེས་པ་རྣམས་རྟ་རྒྱུག་མདའ་འཕེན་དང་སྦེ་ག་འགྲན་པ། གྲིའི་རྣོ་ཆོད་པ། ཤེད་རྡོ་འགྲན་པ་སོགས་འགྲན་བསྡུར་སྣ་ཚོགས་ལ་ཞུགས་པ་དང་། བུད་མེད་རྣམས་ཀྱིས་རྟེན་འབྲེལ་གྱི་མཆོད་ཆང་འགྱོག་པ་དང་གླུ་གཞས་གཏོང་བ། ཁ་བཏགས་སྒྲོན་པ་སོགས་བྱེད་པ་དང་དུས་མཚུངས། མཉམ་འཛོམས་ཀྱི་དགའ་སྟོན་རྩེད་འཇོར་རོལ་གྱི་ཡོད། མཚན་མོར་རྒྱུན་ལྡན་གྱི་སྤྱི་པའི་འདུ་འཛོམས་ར་བའམ་ཐང་ཆེན་དུ་མེ་སྐོང་བརྒྱབ་སྟེ་ཡིད་དབང་འཕྲོག་པའི་སྐོར་བྲོ་འཁྲབ་སྲོལ་ཡོད།