ཀྲུང་གོའི་ལེགས་རྩེ་འགག་སྒོ་དངོས་སུ་ཤར་གཏོང་བྱས་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-11-16   རྩོམ་ཁུངས།    ཀྲུང་གོའི་བོད་ལྗོངས་དྲ་བ།

    ཟླ11པའི་ཚེས13ཉིན། ཀྲུང་གོའི་ལེགས་རྩེ་འགག་སྒོ་ཤར་གཏོང་བྱེད་པའི་མཛད་སྒོ་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་ལེགས་རྩེ་འགག་སྒོར་འཚོགས། ལེགས་རྩེ་འགག་སྒོ་ནི་བོད་རང་སྐྱོང་ལྗོངས་ཀྱིས་འགྲམ་དང་། སྐྱིད་གྲོང་། སྤུ་ཧྲེང་འགག་སྒོ་བཅས་ཤར་གཏོང་བྱས་རྗེས་ཀྱི་སྐམ་སའི་འགག་སྒོ་བཞི་པ་རེད།

         ཀྲུང་གོའི་ལེགས་རྩེ་འགག་སྒོ་ཤར་གཏོང་བྱས་པ་དེས་ཀྲུང་གོ་དང་ནེ་པ་ལ་ཕྱོགས་གཉིས་ཀྱིས་འགག་སྒོ་མཉམ་འབྱེད་བྱས་པ་མཚོན་ལ། དེ་ཀྲུང་གོ་དང་ནེ་པ་ལའི་དབར་གྱི་ཕྱོགས་ཡོངས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བར་ཕན་ཞིང་། རྒྱལ་ཁབ་གཉིས་དབར་དུ་ཚོང་ལས་འགྲོ་འོང་དང་སྤྱི་ཚོགས་རིག་གནས་བརྗེ་རེས་ལ་གསོན་ཤུགས་གསར་པ་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བར་ལས་སྟེགས་དེ་བས་ཆེ་བ་མཁོ་འདོན་བྱས་ཡོད།

         ལེགས་རྩེ་འགག་སྒོ་ནི་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་ཡག་རྭ་ཞང་དུ་གནས་པ་དང་། ནེ་པ་ལའི་མུའུ་སི་ཐང་རྫོང་གནས་ཆུང་འགག་སྒོ་དང་འབྲེལ་ཡོད་ལ། ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི4772ཟིན་ཡོད། གནའ་ནས་བཟུང“ཤར་གྱི་ཇ་རྟའི་གནའ་ལམ་དང་། ནུབ་ཀྱི་ཚྭ་ལུག་གནའ་ལམ”ཞེས་ཟེར་སྲོལ་ཡོད་ཅིང་། དེ་ནི་བོད་ལྗོངས་ནས་ནེ་པ་ལར་ཕྱོགས་པའི་གནའ་བོའི་ཚོང་དོན་བགྲོད་ལམ་ཞིག་ཡིན་ལ། ལོ་རྒྱུས་ཐོག་ཏུ་དུས་ཡུན་རིང་པོར་ཀྲུང་གོ་དང་ནེ་པ་ལའི་དབར་ཚྭ་དང་འབྲུ་རིགས་ཉོ་ཚོང་བྱེད་ས་ཞིག་ཏུ་གྱུར་ཡོད།

        2012ལོའི་ཀྲུང་གོ་དང་ནེ་པ་ལའི《མཐའ་མཚམས་འགག་སྒོ་དང་དེ་བཞིན་དེའི་དོ་དམ་ལམ་ལུགས་སྐོར་གྱི་གྲོས་མཐུན》གྱི་ནང་དུ།  ལེགས་རྩེ་འགག་སྒོ་འདི་ཀྲུང་གོ་དང་ནེ་པ་ལའི་ཕྱོགས་གཉིས་རང་བཞིན་གྱི་འགག་སྒོའི་གྲས་སུ་བཅུག་ལ། 2017ལོར་རྒྱལ་ཁབ་ཀྱི་འགག་སྒོ་སྒོ་འབྱེད་ཞིབ་གཅོད་འཆར་གཞིའི་ནང་དུ་བཅུག་ཅིང་། 2019ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་ནས་ཕྱི་ཕྱོགས་སུ་སྒོ་མོ་ཕྱེས་པ་དང་། 2023ལོའི་ཟླ9པའི་ཚེས19ཉིན་བདེ་བླག་ངང་རྒྱལ་ཁབ་ཀྱི་ཞིབ་བཤེར་རྩིས་ལེན་ཐོབ་ཡོད། ཟླ10པའི་ཚེས19ཉིན་ནེ་པ་ལས་རང་རྒྱལ་ཕྱོགས་ལ་འཕྲིན་ལན་སྤྲིངས་ཏེ་ཕྱོགས་གཉིས་ཀྱིས་ལེགས་རྩེ་འགག་སྒོ་དངོས་སུ་སྒོ་མོ་འབྱེད་རྒྱུ་གཏན་འཁེལ་བྱས། འགག་སྒོ་དེར་ཁྱོན་རྒྱལ་མཚམས་འཛུལ་སྒྲོལ་གྱི་འགྲུལ་པའི་བརྟག་ཞིབ་བགྲོད་ལམ8དང་། རླངས་འཁོར་ཞིབ་བཤེར་བགྲོད་ལམ2ཡོད་པར་མ་ཟད། མིག་སྔར་རྒྱལ་ནང་གི་སྔོན་ཐོན་རང་བཞིན་གྱི་འགག་སྒོ་ཞིབ་བཤེར་སྒྲིག་ཆས་ཀྱང་སྒྲིག་སྦྱོར་བྱས་ཡོད། གཞིས་རྩེ་འགག་སྒོའི་འགན་འཁུར་བ་ཉི་མ་ཚེ་རིང་གིས། ལེགས་རྩེ་ལྟ་འདོམས་ས་ཚིགས་ཀྱིས་རིག་ལྡན་འགག་སྒོ་འཛུགས་སྐྲུན་གྱི་གྲུབ་འབྲས་སྤྱད་དེ། འགག་སྒོའི་འགྲུལ་པ་དང་དངོས་ཟོག་གི་རིམས་བཤེར་ལྟ་འདོམས་ལ་སྐུལ་འདེད་གང་ལེགས་བཏང་ནས། འགག་སྒོའི་སྤུས་ལེགས་འཕེལ་རྒྱས་ལ་རམ་འདེགས་ཧུར་བརྩོན་བྱ་རྒྱུ་ཡིན་ཞེས་བཤད།

         ལེགས་རྩེ་འགག་སྒོ་ཤར་གཏོང་བྱེད་པའི་མཛད་སྒོའི་ཐོག་ཏུ་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ཝང་ཧྥང་ཧུང་དང་། ནེ་པ་ལ་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་གྲོས་ཚོགས་ཀྱི་གྲོས་མི་ཡིའུ་ཀའེ་ཤིས· ཀའོ་ཆན་རྣམ་གཉིས་ཀྱིས་ཤིས་ཚིག་བསྒྲོན་ནས། ཀྲུང་གོའི་ལེགས་རྩེ་འགག་སྒོ་ཤར་གཏོང་བྱས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པར་མ་ཟད། ཀྲུང་གོ་དང་ནེ་པ་ལའི་ཕྱོགས་གཉིས་ཀྱི་སྐུ་མགྲོན་ཚོས་ཁག་དང་པོའི་མི་སྣ་དང་དངོས་ཟོག་འགག་སྒྲོལ་གནས་ཚུལ་ལ་མཉམ་གཅིག་ཏུ་བདེན་དཔང་བྱས།

        ཝང་ཧྥང་ཧུང་གིས། ཀྲུང་གོ་དང་ནེ་པ་ལའི་ལེགས་རྩེ་འགག་སྒོ་དངོས་སུ་ཤར་གཏོང་བྱས་པ་དེ་ནི་ཀྲུང་གོ་དང་ནེ་པ་ལ་རྒྱལ་ཁབ་གཉིས་དབར་དུ་དཔལ་འབྱོར་ཚོང་དོན་འགྲོ་འོང་ལ་མཉམ་དུ་སྐུལ་འདེད་གཏོང་བའི་དོན་ཆེན་ཞིག་ཡིན་ལ། བོད་ལྗོངས་ཀྱིས་ཕྱི་ཕྱོགས་སུ་སྒོ་མོ་རྒྱ་ཆེར་ཕྱེ་བར་རོགས་རམ་དང་ཀྲུང་གོ་དང་ནེ་པ་ལ་ཕན་ཚུན་སྦྲེལ་མཐུད་བྱེད་ཚད་མཐོ་རུ་གཏོང་བའི་བྱེད་ཐབས་གོ་ཆོད་ཅིག་ཡིན་པས། ཀྲུང་གོ་དང་ནེ་པ་ལའི་མཛའ་མཐུན་གྱི་སྲོལ་རྒྱུན་བཟང་པོ་ཇེ་ཟབ་ཏུ་གཏོང་བ་དང་མཛའ་མཐུན་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་པའི་ཐད་ངེས་པ་དོན་གྱི་དོན་སྙིང་གལ་ཆེན་ལྡན་པར་མ་ཟད། ཀྲུང་གོ་དང་ནེ་པ་ལའི་མཛའ་མཐུན་གྱི་བྱེད་ཕྱོགས་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱས་ནས། མཐའ་མཚམས་རྒྱུད་ཀྱི་ལེགས་ཆ་གསབ་རེས་ལ་སྐུལ་འདེད་བཏང་སྟེ།  དཔལ་འབྱོར་འཕེལ་རྒྱས་དང་། ཕན་ཚུན་སྦྲེལ་མཐུད། མི་ཆོས་རིག་གནས་སོགས་ཀྱི་ཁྱབ་ཁོངས་སུ་བློ་བརྟན་འགྱུར་མེད་ངང་དངོས་སུ་མཉམ་ལས་བྱེད་ཟབ་ཏུ་གཏོང་རྒྱུ་ཡིན་ཞེས་བཤད།

         འཛུགས་སྐྲུན་བྱེད་འགོ་ཚུགས་པའི་ཚུན་ལ། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར4བཏང་སྟེ། རྒྱལ་མཚམས་ཀྱི་མཉམ་འབྲེལ་ཞིབ་བཤེར་ཐོག་ཁང་དང་། རྒྱལ་མཚམས་སུ་འཛུལ་བའི་དངོས་ཟོག་ཞིབ་བཤེར་བྱེད་ས། འགག་སྒོའི་འཕྲལ་སྡོམ་འགན་ལེན་ལྟེ་གནས། མཐའ་མཚམས་ཞིབ་བཤེར་འཕྲལ་སྡོམ་དང་ཆ་འཕྲིན་བཀོད་འདོམས་ལྟེ་གནས་སོགས་རྣམ་གྲངས23འཛུགས་སྐྲུན་བྱས་ནས། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པར་མཁོ་བའི་ནུས་པ་ལྡན་པ་དང་འབྲེལ། ད་ལོའི་ཟླ9པའི་ཚེས19ཉིན་རྒྱལ་ཁབ་ཀྱིས་ཞིབ་བཤེར་རྩིས་ལེན་ཐོབ་ཡོད། དུས་འགོར་ལེགས་རྩེ་འགག་སྒོར་རྒྱལ་ཁབ་ཀྱི་ཞིབ་བཤེར་རྩིས་ལེན་ཐོབ་ཅིང་།  རྒྱལ་ཁབ་ཀྱི་འགག་སྒོའི་འཕེལ་རྒྱས་འཆར་འགོད་ལྟར། ལེགས་རྩེ་འགག་སྒོ་འཛུགས་སྐྲུན་དང་སྒོ་མོ་ཕྱེ་བ་དེས་བོད་ལྗོངས་ཀྱི་འགག་སྒོའི་བཀོད་པ་འཐུས་ཚང་དུ་གཏོང་བ་དང་། ཕྱོགས་ཡོངས་ནས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་རྣམ་པ་གཏོད་ཅིང་། ཕྱི་ཕྱོགས་སུ་དཔལ་འབྱོར་ཚོང་དོན་མཉམ་ལས་རྒྱུན་མཐུད་འཕེལ་རྒྱས་གཏོང་བ་དང་། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་གལ་ཆེན་དང་ཧི་མ་ལ་ཡའི་མཐའ་འཁོར་གྱི་དཔལ་འབྱོར་མཉམ་ལས་ཁུལ་བསྐྲུན་པ་བཅས་ཀྱི་ཐད་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།

        ལེགས་རྩེ་འགག་སྒོ་དངོས་སུ་ཤར་གཏོང་བྱེད་འགོ་ཚུགས་པ་དང་བསྟུན་ནས།  བོད་ལྗོངས་ཀྱི་ས་བབ་མཐོ་ཤོས་ཀྱི་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཏེ།  ལེགས་རྩེ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱང་དུས་གཅིག་ཏུ་སྤྱོད་འགོ་ཚུགས་ཤིང་། ལེགས་རྩེ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་གནས་སྐབས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཙེ་ལེང་གིས། འགྲུལ་པ་བདེ་འཇགས་དང་བདེ་བླག་ངང་འགག་སྒྲོལ་ཐུབ་པ་བྱ་ཆེད། འགྲུལ་བའི་འགྲོ་ཚད་ལ་སྔོན་དཔག་དང་ཉེན་བརྡ་གཏོང་བའི་ལས་དོན་སྔ་སྣུར་བྱས་ཤིང་། ལས་སྒྲུབ་ཚན་རིག་དང་མཐུན་པའི་ངང་སྤྱི་འདོམས་ཡག་པོ་བྱས་ཏེ་ཡུལ་དངོས་སུ་ལས་སྒྲུབ་ཉེན་རྟོག་པ་འདང་ངེས་ཡོད་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།

        བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས《ཀྲུང་གོ་དང་ནེ་པ་ལའི་མཉམ་འབྲེལ་གསལ་བསྒྲགས》ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ།  ལེགས་རྩེ་འགག་སྒོ་སྒྲོལ་བའི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་རྒྱུ་རེད།

       མཛད་སྒོའི་ཡུལ་དངོས་སུ་ཕྱོགས་གཉིས་པོའི་མཐའ་མཚམས་མང་ཚོགས་ཀྱིས་གླུ་ལེན་གར་འཁྲབ་ཀྱིས་འགག་སྒོ་ཤར་གཏོང་ཐུབ་པར་རྟེན་འབྲེལ་ཞུས་པ་དང་། མཐའ་མཚམས་ཉོ་ཚོང་བྱ་ཡུལ་དུ་མི་ཚོགས་མང་ལ་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཡོད།

       ད་ལོའི་ཚུན་ལ། གཞིས་རྩེ་གྲོང་ཁྱེར་གྱིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུའི་བཀོད་སྒྲིག་དོན་འཁྱོལ་གཏིང་ཟབ་བྱས་ནས། “ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་ལྟེ་བའི་གྲོང་ཁྱེར་བསྐྲུན་དགོས་པའི”འགན་འཁྲི་དང་ལས་འགན་ལྕི་པོ་མཐའ་གཅིག་ཏུ་འཁུར་ཏེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཁྲོད་མཉམ་འདྲེས་ལ་ཧུར་བརྩོན་བྱེད་པ་དང་། ཕྱོགས་ཡོངས་ནས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་རྣམ་པ་གཏོད་པ། ཕྱི་ཕྱོགས་ཚོང་དོན་གྱི་གཞི་ཁྱོན་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་མགྱོགས་མྱུར་འཕར་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར་གྲོང་ཁྱེར་ཡོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར45.49ཟིན་ནས། དུས་མཚུངས་ལས་ལྡབ46འཕར་བ་དེས་བོད་ལྗོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཀྱི59.44%བཟུང་བ་དང་། ཕྱིར་གཏོང་ནང་འདྲེན་བྱེད་ཚད་དང་འཕར་ཚད་ཚང་མ་བོད་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

       ངོ་སྤྲོད་བྱས་པར་གཞིགས་ན། སྐྱིད་གྲོང་འགག་སྒོ་ཟླ4པའི་ཚེས1ཉིན་མི་སྣ་འགྲོ་འོང་སླར་གསོ་བྱས་པ་དང་། འགྲམ་འགག་སྒོ་ཟླ5པའི་ཚེས1ཉིན་ཕྱོགས་གཉིས་ཀའི་ཟོག་འདྲེན་སླར་གསོ་དང་ཟླ9པའི་ཚེས1ཉིན་འགྲུལ་སྐྱེལ་ནུས་པ་སླར་གསོ་བྱས་ཤིང་། རི་འོག་དང་འདྲེན་ཐང་འགག་སྒོ་སྒོ་འབྱེད་ཀྱི་ཆོག་འཐུས་རང་བཞིན་གྱི་རིགས་པས་ཁུངས་སྐྱེལ་ལེགས་གྲུབ་བྱུང་ནས། རྒྱལ་ཁབ་ཀྱི་འགག་སྒོ་སྒོ་འབྱེད་ཀྱི་ལོ་འཁོར་གྱི་ཞིབ་གཅོད་འཆར་གཞིའི་ནང་ལ་གང་མགྱོགས་ཞུགས་རྒྱུར་བརྩོན་ལེན་བྱས་ཡོད། ཟླ་དང་པོ་ནས་བཅུ་པའི་བར་སྐྱིད་གྲོང་དང་འགྲམ་འགག་སྒོའི་འགག་སྒྲོལ་དངོས་ཟོག་ལྗིད་ཚད་ཏུན་ཁྲི10.82ཟིན་པ་དང་།  འགག་སྒྲོལ་དངོས་ཟོག་རིན་ཐང་སྒོར་དུང་ཕྱུར37.21ཟིན་པ་དེ་དུས་མཚུངས་ལས36.5%དང62.9%སོ་སོར་འཕར་བ་མ་ཟད། རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི16.8ཟིན་ཡོད།

        མིག་སྔའི་བར། གཞིས་རྩེ་གྲོང་ཁྱེར་ཡོངས་སུ་ཕྱི་ཕྱོགས་ཚོང་དོན་ཁེ་ལས180ལྷག་ཙམ་མང་དུ་ཕྱིན་ནས2022ལོའི་ལོ་མཇུག་ལས20%འཕར་ཡོད། ཕྱིར་གཏོང་ནང་འདྲེན་ལས་སྣོན་ལས་རིགས་ཀྱི་སྟོབས་ནུས་བསགས་ནས་ཕྱིར་གཏོང་ལས་སྣོན་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ནེའི་ཕྱིར་གཏོང་ནང་འདྲེན་ཐོན་ལས་གླིང་སྐྲུན་འགོ་ཚུགས་པ། སྦག་སྦག(གློག་སྒུལ་སྦག་སྦག)ཐོན་སྐྱེད་སྒྲིག་སྦྱོར་རྟེན་གཞིའི་རྣམ་གྲངས་བསྐྲུན་ཟིན་ནས་སྔོན་དཔག་བྱས་ན་ད་ལོ་ནེ་པ་ལར་གློག་སྒུལ་སྦག་སྦག་ཕྱིར་གཏོང་ཐུབ་རྒྱུ་རེད། མཐའ་མཚམས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མྱུར་པོ་བྱུང་ནས། སྐྱིད་གྲོང་དང་གྲོ་མོ་རྒྱལ་མཚམས་ཡུལ་སྐོར་སླར་གསོ་བྱུང་བ་དང་། གྲོ་མོ་རྫོང་གི་རྒྱལ་མཚམས་དང་སྐྱིད་གྲོང་རྫོང་གི་རབ་ལྔ་སོགསA4རིམ་པའི་མཛེས་ལྗོངས་ཁུལ་དུ་བསྐྲུན་རྒྱུའི་ཡིག་ཐོག་སྙན་ཞུ་མགྱོགས་མྱུར་འབུལ་བཞིན་ཡོད་པ། སྐྱིད་གྲོང་འགག་སྒོ་དང་། གྲོ་མོའི་གནས་སྟོད་ལའི་བགྲོད་ལམ་དང་ཕང་མདའ་གྲོང་ཚོ་སོགས་མཛེས་ལྗོངས་ཁུལ་ཡུལ་སྐོར་བར་སྒོ་མོ་ཕྱེ་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར། སྐྱིད་གྲོང་དང་གྲོ་མོས་ཡུལ་སྐོར་བ་མི་ཐེངས་ཁྲི40.51ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར3.96ཟིན་པ་དེ2021ལོའི་དུས་མཚུངས་ལས284%དང209%སོ་སོར་འཕར་ཡོད།

       ད་ལོའི་ཚུན་ལ། བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང(འགག་སྒོ་གཞུང་ལས་ཁང)གིས“རྒྱུད་གཅིག་ལམ་གཅིག”དང་། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་གལ་ཆེན། ཧི་མ་ལ་ཡའི་མཐའ་འཁོར་གྱི་དཔལ་འབྱོར་མཉམ་ལས་ཁུལ་བཅས་འཛུགས་སྐྲུན་གྱི་ལོ་རྒྱུས་ཀྱི་གོ་སྐབས་སྟངས་འཛིན་ཡང་དག་བྱས་ནས། “དོན་ཆེན་བཞིར”དམིགས་པ་དང“གསར་གཏོད་བཞིར”ཤུགས་བརྒྱབ་སྟེ་འགག་སྒྲོལ་ལས་ཕྱོད་ཆེར་གཏོང་བྱས་ཏེ།  འགག་སྒོའི་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་ཡོད།

       2023ལོའི་ཟླ10པར། སྐྱིད་གྲོང་དང་། འགྲམ་དང་། སྤུ་ཧྲེང་བཅས་ཀྱི་འགག་སྒོའི་ཕྱིར་གཏོང་ནང་འདྲེན་གྱི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི1.53ཟིན་པ་དེ་དུས་མཚུངས་ལས128.5%འཕར་བ་དང་། ཕྱིར་གཏོང་ནང་འདྲེན་གྱི་དངོས་ཟོག་རིན་ཐང་སྒོར་དུང་ཕྱུར5.69ཟིན་པ་དེ་དུས་མཚུངས་ལས125.1%འཕར་བ། རྒྱལ་མཚམས་འཛུལ་སྒྲོལ་གྱི་འཁོར་རིགས་ཐེངས1363ཟིན་པ་དེ་དུས་མཚུངས་ལས202.8%འཕར་བ། རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་རིམ་རྩིས་བྱས་ན་མི་ཐེངས102586ཟིན་ཡོད། ཟླ་དང་པོ་ནས་བཅུ་པའི་བར། སྐྱིད་གྲོང་དང་། འགྲམ་དང་།  སྤུ་ཧྲེང་བཅས་ཀྱི་འགག་སྒོ་ནས་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཏུན་ཁྲི11.08ཟིན་པ་དེ་དུས་མཚུངས་ལས39.7%འཕར་བ་དང་། ཕྱིར་གཏོང་ནང་འདྲེན་གྱི་དངོས་ཟོག་རིན་ཐང་སྒོར་དུང་ཕྱུར37.65ཟིན་པ་དེ་དུས་མཚུངས་ལས64.8%འཕར་བ། རྒྱལ་མཚམས་འཛུལ་སྒྲོལ་གྱི་འཁོར་རིགས་ཐེངས9380ཟིན་པ་དེ་དུས་མཚུངས་ལས་99.2%འཕར་བ། རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས168369ཟིན་པ་བཅས་བོད་ལྗོངས་ཡོངས་ཀྱི་འགག་སྒོ་འཁོར་སྐྱོད་ཐད་བརྟན་པོའི་ངང་འཕར་བའི་རྣམ་པ་ཐོན་ཡོད།

       བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་བས། སླད་ཕྱིན་འགག་སྒོའི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་རྒྱལ་སྒྲོལ་ཚོང་དོན་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། བོད་ལྗོངས་ཀྱི་འགག་སྒོའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་བོད་ལྗོངས་ཡོངས་ཀྱི་འགག་སྒོ་ཁག་གི་འགག་སྒྲོལ་བྱེད་སྟངས་རྒྱུན་མཐུད་ལེགས་སུ་གཏོང་རྒྱུར་མཛུབ་ཁྲིད་བྱེད་པ་དང་། འགག་སྒྲོལ་ནུས་ཆེ་རུ་གཏོང་བ། དུས་བདེ་དང་། ནུས་ལྡན། རིག་ལྡན། ཁྲིམས་སྐྱོང་། ལྗང་མདོག་བཅས“རྣམ་པ་ལྔའི”འགག་སྒོ་འཛུགས་སྐྲུན་ཏན་ཏིག་བྱེད་པ། འགག་སྒོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་ལ་བརྟེན་ཏེ“རྒྱུད་གཅིག་ལམ་གཅིག”སྐྲུན་རྒྱུར་ཞབས་འདེགས་ཞུ་བ་དང་དེའི་ནང་མཉམ་འདྲེས་བྱེད་པར་མ་ཟད། ཕྱི་ཕྱོགས་ཚོང་དོན་བརྟན་པོ་རྒྱུན་འཁྱོངས་དང་སྤུས་ཚད་ལེགས་སུ་གཏོང་བའི་ཐད་འགན་ལེན་ནུས་ལྡན་མཁོ་འདོན་ཧུར་བརྩོན་བྱ་རྒྱུ་ཡིན་ཞེས་བཤད།