ཇ་འཐུང་ན་གཅིན་སྙི་ཟ་ཁུའི་ནད་འབྱུང་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-11-23   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་ཚགས་པར།


    ཇ་འཐུང་བ་ནི་མི་མང་པོ་ཞིག་གི་དུས་རྒྱུན་གྱི་འཚོ་བའི་གོམས་སྲོལ་ཞིག་རེད།ཤར་ལྷོ་སློབ་ཆེན་ཁོངས་གཏོགས་སྨན་ཁང་གི་ཞིབ་འཇུག་མི་སྣས2023ལོའི་ཡོ་རོབ་གླིང་གཅིན་སྙི་ཟ་ཁུ་མཐུན་ཚོགས་ཀྱི་ལོ་ཚོགས་སྟེང་འགྲེམ་སྤེལ་བྱས་པའི་ཞིབ་འཇུག་མཇུག་འབྲས་ཆེས་གསར་པ་ལས་མངོན་པ་ལྟར་ན།ཇ་གཏན་ནས་མི་འཐུང་བའི་མི་དང་བསྡུར་ན་ཉིན་རེར་ཇ་ནག་ཆག་མེད་དུ་འཐུང་བའི་མི་ལ་རིགས་གཉིས་པའི་གཅིན་སྙི་ཟ་ཁུ་འབྱུང་བའི་ཉེན་ཁ47%གྱིས་ཇེ་དམའ་རུ་འགྲོ་བ་དང་། ཇ་དམར་དང་ཇ་ལྗང་། ཝུའུ་ལོང་ཇ་སོགས་འཐུང་བའི་མི་ལའང་གཅིན་སྙི་ཟ་ཁུ་འབྱུང་བའི་ཉེན་ཁ་དེ་བཞིན་ཇེ་དམའ་རུ་འགྲོ་བ་རེད།

    ཞིབ་འཇུག་འདིས་བསྡོམས་པས་མི་དར་མ1923ལ་ཞིབ་འཇུག་བྱས་པ་དང་།དེའི་ནང་དུ་སྐྱེས་པ562དང་བུད་མེད1361ཡོད་ལ།མི436ལ་གཅིན་སྙི་ཟ་ཁུའི་ནད་བྱུང་ཡོད་པ་དང་།མི352ལ་གཅིན་སྙི་ཟ་ཁུའི་ནད་ཡང་མོ་བྱུང་ཡོད་པ་དང་།མི1135ཡི་ཁྲག་ཧྭགས་ཚད་རྒྱུན་ལྡན་རེད།ཞིབ་འཇུག་མི་སྣས་ཞིབ་འཇུག་བྱ་ཡུལ་གྱི་ཇ་ཉོ་བའི་ཚད(གཏན་ནས་མི་ཉོ་བ་དང་ལན་རེར་ཉོ་བ།རྒྱུན་དུ་ཉོ་བ།ཉི་མ་རེ་རེར་ཉོ་བ)དང་ཇ་ཡི་རིགས་སྣ(ཇ་ལྗང་དང་ཇ་དམར། ཇ་ནག ཇ་གཞན་པ)ལ་བརྟག་ཞིབ་བྱས་པར་མ་ཟད།དེའི་གཅིན་ཧྭགས་ཕྱི་རུ་ཕུད་ཚད་དང་ཤན་གླིང་རྒྱུ་འགོག་རྒོལ། ཁྲག་ཧྭགས་ཀྱི་གནས་བབ་སོགས་ལ་དབྱེ་ཞིབ་བྱས།

    ཞིབ་འཇུག་མི་སྣས་ཤེས་པ་ལྟར་ན། ཉི་མ་རེ་རེར་ཇ་འཐུང་མཁན་གྱི་གཅིན་ཧྭགས་ཕྱིར་ཕུད་ཚད་ཇེ་མཐོར་སོང་སྟེ།ཀན་སྣུམ་གསུམ་ཞག་དང་རྒུན་འབྲུམ་ཧྭགས་ཀྱི་སྟོན་གྲངས་ཇེ་དམའ་རུ་འགྲོ་བཞིན་ཡོད།གཏན་ནས་ཇ་མི་འཐུང་བའི་མི་དང་བསྡུར་ན་དེར་གཅིན་སྙི་ཟ་ཁུའི་ནད་འབྱུང་བའི་ཚད15%ཡིས་ཇེ་དམའ་རུ་འགྲོ་བ་དང་། རིགས་གཉིས་པའི་གཅིན་སྙི་ཟ་ཁུའི་ནད་འབྱུང་བའི་ཚད28%ཀྱིས་ཇེ་དམའ་རུ་འགྲོ་བ་རེད།ཕན་ནུས་འདི་ནི་ཇ་ནག་འཐུང་མཁན་གྱི་ལུས་སྟེང་དུ་ལྷག་པར་གསལ།

    ཞིབ་འཇུག་འདིའི་རྩོམ་པ་པོའམ་ཤར་ལྷོ་སློབ་ཆེན་ཟུར་གཏོགས་སྨན་ཁང་གི་དགེ་རྒན་ཆེན་མོ་སུང་ལགས་ཀྱིས་ཇ་འཐུང་བ་དང་ནད་བཅོས་ནད་འགོག་གི་བར་ལ་འབྲེལ་བ་ཆེན་པོ་ཡོད་པར་བཤད།ཁོང་གིས་ཉི་མ་རེ་རེར་ཇ་འཐུང་དགོས་པར་གདམས་པ་དང་།ཇ་རིགས་གང་ཞིག་ཡིན་རུང་དེ་ལ་ཕན་ནུས་ངེས་ཅན་ཞིག་ཡོད་ལ།གཅིན་སྙི་ཟ་ཁུའི་ནད་པས་ཆོས་ཉིད་དང་ལྡན་པའི་སྒོ་ནས་ཇ་འཐུང་ན་དེ་བས་ཀྱང་དགེ་མཚན་མི་ཉུང་བ་ཞིག་ཡོད་ཟེར། །