བོད་ལྗོངས་ལྷོ་ཁའི་ཡར་ཀླུང་ཚོང་འདུས་སྤེལ་འགོ་ཚུགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-04   རྩོམ་ཁུངས།    ཀྲུང་གོའི་བོད་ལྗོངས་དྲ་བ།

        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ12པའི་ཚེས1ཉིན། “ཁྲོམ་ར་འཁྲུག་ཏུ་གཏོང་བ་དང་། འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། ཡོང་འབབ་མང་དུ་གཏོང་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”བཅས་བརྗོད་དོན་གཙོ་བོར་བྱས་པའི2023ལོའི་ཡར་ཀླུང་ཚོང་འདུས་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཁུལ་དུ་འགོ་ཚུགས་པ་རེད། འཁྲུག་ཆ་དོད་པའི་མི་ཚོགས་བརྒྱུད། གསར་འགོད་པས་ཡར་ཀླུང་ཚོང་འདུས་ཀྱི་ཡུལ་དངོས་སུ་ཚོང་ཟོག་སྣ་ཚོགས་ཁྲོམ་རའི་ཁྲོམ་བཀྱག་ཐོག་བཤམས་ཡོད་པ་མཐོང་། ཚོང་ཟོག་འདེམས་ཉོ་བྱེད་མཁན་མང་ཚོགས་ཚོས་ཁྲོམ་བཀྱག་ཁག་དབར་ཕར་འགྲོ་ཚུར་འོང་བྱེད་པ་དང་བྲེལ་འཚུབ་ཆེ་བའི་རྣམ་པ་ཞིག་གིས་ཁེངས་འདུག

ཡར་ཀླུང་ཚོང་འདུས་ཀྱི་ཡུལ་དངོས།

ཡར་ཀླུང་ཚོང་འདུས་ཀྱི་ཡུལ་དངོས།

        ཡར་ཀླུང་ཚོང་འདུས1981ལོར་འགོ་ཚུགས་པ་དང་ད་ལོ་ནི་ལྷོ་ཁ་གྲོང་ཁྱེར་གྱིས་གཉེར་བའི་ཡར་ཀླུང་ཚོང་འདུས་སྐབས43པ་ཡིན། ལོ43ལྷག་ཙམ་འཕེལ་རྒྱས་བཏང་བ་བརྒྱུད་ཡར་ཀླུང་ཚོང་འདུས་འདི་ཉིད་ལྷོ་ཁ་གྲོང་ཁྱེར་གྱི་དངོས་ཟོག་ཉོ་ཚོང་དང་། རིག་གནས་སྤེལ་རེས། ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་བཅས་གཞི་གཅིག་ཅན་གྱི་གཞི་ཁྱོན་ཆེ་ཤོས་དང་། དེར་ཞུགས་མཁན་མི་གྲངས་མང་ཤོས། ཚོང་དོན་འཁོར་རྒྱུག་བྱེད་རྒྱ་ཆེ་ཤོས། ཤུགས་རྐྱེན་ཆེ་ཤོས་བཅས་ཕྱོགས་བསྡུས་རང་བཞིན་གྱི་དཔལ་འབྱོར་ཚོང་དོན་གྱི་འདུ་ཚོགས་ཤིག་ཏུ་གྱུར་ནས། ལྷོ་ཁའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་བར་ནུས་པ་གལ་ཆེན་ཐོན་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་ཚོང་དོན་རིག་གནས་ཀྱིས་ཕྱུག་ཡོད།

ཡར་ཀླུང་ཚོང་འདུས་ཀྱི་ཡུལ་དངོས།

ཡར་ཀླུང་ཚོང་འདུས་ཀྱི་ཡུལ་དངོས།

        ཤེས་རྟོགས་བྱུང་བར་གཞིགས་ན། ཡར་ཀླུང་ཚོང་འདུས་སྐབས43པར་ཁྱོན་ཚོང་དུད4850དང་། ཚོང་རར་ཚོང་ཟོག་སྣ་ཁ1000ལྷག་ཙམ། ཚོང་རར་ཚོང་ཟོག་བསྡོམས་འབོར་སྒོར་དུང་ཕྱུར7.32ཟིན་གྱི་ཡོད། གཞན་ཡང་འཛད་སྤྱོད་ལ་སྐུལ་མ་གཏོང་ཆེད། སྐབས་འདིའི་ཡར་ཀླུང་ཚོང་འདུས་ཀྱིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོར་ཁྱོན་མ་དངུལ་སྒོར་ཁྲི700བཏང་བ་དང་། མིག་སྔར་ཁག་དང་པོའི་འཛད་སྤྱོད་འཛིན་ཤོག་སྤྲད་ཟིན་ནས་ཟླ12པའི་ཚེས3ཉིན་བེད་སྤྱོད་བཏང་མེད་པའི་འཛད་སྤྱོད་འཛིན་ཤོག་ཐེངས་གཉིས་པ་སྤྲོད་ཀྱི་ཡོད།

ཡར་ཀླུང་ཚོང་འདུས་ཀྱི་ཡུལ་དངོས།

ཡར་ཀླུང་ཚོང་འདུས་ཀྱི་ཡུལ་དངོས།

ཡར་ཀླུང་ཚོང་འདུས་ཀྱི་ཡུལ་དངོས།

        གྱོན་ཆས་དང་། ཁྱད་ལྡན་ཞིང་ལས་ཐོན་རྫས། ཤ་རིགས། མི་རིགས་ཀྱི་ལག་ཤེས་བཟོ་རྩལ། རླངས་འཁོར་སོགས་འགྲེམས་སྟོན་ལ་ཞུགས་པའི་ཐོན་རྫས་སུ་ཚང་མས་ལྟ་འདོད་ལ་ཉན་སྤྲོ་བའི་རྒྱུན་སྤྱོད་འཛད་སྤྱོད་ཐོན་རྫས་ཡོད་ལ་ཚན་རྩལ་དཔེ་སྟོན་དང་། དེང་རབས་ཀྱི་རིག་ནུས་ཐོན་རྫས། རྩེར་སོན་ཐོན་རྫས། ས་གནས་དེ་གའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཡོད་པ་མ་ཟད། ས་གནས་གཞན་གྱི་ཁྱད་ཆོས་ལྡན་པའི་རྒྱལ་སྤྱིའི་ཐོན་རྫས་ཀྱང་ཡོད་པས་འཛད་སྤྱོད་པ་མང་པོ་ལྟ་སྐོར་དང་འདེམས་ཉོ་བྱ་རྒྱུའི་ཡིད་དབང་བཀུག་ཡོད།

        ཏང་ཅུན་ཀྲི་ནི་པེ་ཅིང་ནས་ཡོང་བའི་ཚོང་པ་ཞིག་ཡིན། འགྲེམས་གནས་སུ་ཁོང་གིས་རང་ཉིད་ཀྱིས་འཁྱེར་ཡོང་བའི་འཚིག་ཇ་དང་ཅོག་ལེབ་ཀྱི་ཐོན་རྫས་ངོ་སྤྲོད་བྱེད་ཞོར་དུ། འཚིག་ཇ་ཡག་པོ་བསྐོལ་ནས་འཛད་སྤྱོད་པར་བྲོ་བ་མྱོང་དུ་འཇུག “ང་ལྷོ་ཁར་ཡོང་ཐེངས་གཉིས་པ་ཡིན། ལྷོ་ཁའི་ཡར་ཀླུང་རིག་གནས་འགྲེམས་ཚོགས་ཐོག་ཐོན་རྫས་ཉོ་མཁན་མང་པོ་ཡོད་ལ་ཚོང་ཡང་ཡག་པོ་འདུག  དེར་བརྟེན་ངས་ཀ་རེ་ཀོ་རེ་སྤུ་ཙམ་ཡང་མ་བྱས་པར་ལམ་སེང་ཡོང་བ་ཡིན”ཞེས་བཤད། ལྷོ་ཁའི་བག་ཆགས་སྐོར་གླེང་སྐབས། ཏང་ཅུན་ཀྲིས་གསར་འགོད་པར་ལྷོ་ཁའི་གྲོང་མི་སེམས་རྩ་འཁོལ་བ་དང་། ཉེ་འཁོར་གྱི་ཁོར་ཡུག་གཙང་སྦྲ་དོད་པ། ཁོར་ཡུག་ཀྱང་བདེ་འཇགས་ཡོད་པས་ལྷོ་ཁར་བློ་བདེ་པོའི་ངང་སྡོད་རྒྱུ་བྱུང་ལ་ཚོར་སྣང་ཡང་ཧ་ཅང་ཡག་པོ་འདུག་ཅེས་བཤད།

ཡར་ཀླུང་ཚོང་འདུས་ཀྱི་ཡུལ་དངོས།

 

        “ཡར་ཀླུང་ཚོང་འདུས་ལ་ཞུགས་པ་ནི་སྒྲ་སྙན་ཚོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན། སྐབས་གོང་མའི་ཡར་ཀླུང་ཚོང་འདུས་མཇུག་མ་སྒྲིལ་གོང་འཁྱེར་ཡོང་བའི་ཐོན་རྫས་ཚང་མ་བཙོངས་ཟིན་སོང་། ད་རེས་ཆེད་མངགས་གྲ་སྒྲིག་དང་ཚོང་ཟོག་མང་པོ་འཁྱེར་ཡོད་པས་བྲིན་ཁ་རྒྱུག་པོ་ཡོང་བའི་ཡིད་ཆེས་ཡོད”ཅེས་བཤད། ད་ལོ་ལོ36ལ་སླེབས་པའི་ཚེ་རིང་རྡོ་རྗེ་ནི་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ནས་ཡིན་པ་དང་། ལོ17ལ་སླེབས་སྐབས་ཚེ་རིང་རྡོ་རྗེས་ཕ་ཡི་རྗེས་སུ་འབྲངས་ནས་སྒྲ་སྙན་བཟོ་བའི་ལག་རྩལ་སྦྱངས་སྟབས་ད་ཆ་སྒྲ་སྙན་བཟོ་རྩལ་མ་ལུས་ཁོང་དུ་ཆུད་ཡོད། ཁོང་གི་ཁྲོམ་བཀྱག་ཐོག་ནས་སྙན་འཇེབས་ལྡན་པའི་སྒྲ་ལྷང་ལྷང་དུ་ཐོས་རྒྱུ་ཡོད་པས་མང་ཚོགས་མི་ཉུང་བའི་ཡིད་དབང་བཀུག་ཡོད། ཁོང་གིས་སྤྲོ་སེམས་འཁོལ་པོས་མང་ཚོགས་གདན་འདྲེན་ཞུས་ནས་སྒྲ་སྙན་དཀྲོལ་གཏོང་དང་འབྲེལ་དེའི་གྲུབ་ཆ་ངོ་སྤྲོད་བྱས་ནས། སྒྲ་སྙན་གྱི་རིག་གནས་ཁྱབ་གདལ་གཏོང་བཞིན་ཡོད།

ཡར་ཀླུང་ཚོང་འདུས་ཀྱི་ཡུལ་དངོས།

        2023ལོའི་སྐབས43པའི་ཡར་ཀླུང་ཚོང་འདུས2023ལོའི་ཟླ12པའི་ཚེས7ཉིན་བར་རྒྱུན་མཐུད་ནས་འཚོག་རྒྱུ་ཡིན། ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་སྔར་དང་མི་འདྲ་བར་ཚོང་ཟོག་འགྲེམས་ཡུལ་གྱི་ས་གནས་ས་ཐོག་ཏུ་ཐད་གཏོང་གི་རྟེན་གཞི་བཙུགས་ནས། དུས་ཡུན་ཉིན་བདུན་གྱི་དྲ་ཐོག་ཐད་གཏོང་གི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་མ་ཟད། ཚོང་ཟོག་དག་རྒྱལ་ཡོངས་ཀྱི་སྦྲག་སྲིད་ནས་བསྐུར་བ་དང་། སྦྲག་སྲིད་མྱུར་སྐྱེལ་ཐུམ་སྒྲིལ་བསྡུ་ལེན་ས་ཚིགས4དང་བརྗོད་དོན་གཙོ་བོའི་སྦྲག་སྲིད་ཅུས1འཛུགས་པ། རླངས་འཁོར་འགྲེམས་ཚོང་ཁུལ་བཙུགས་ནས་མང་ཚོགས་ལ་རླངས་འཁོར་ཉོ་སྒྲུབ་ཀྱི་ཞབས་འདེགས་བྱས་པ་མ་ཟད། ལྷོ་ཁའི་ཧྲེན་ལི་དུས་རབས་ཐང་ཆེན་དུ་ཡན་ལག་ས་ཚིགས་བཙུགས་ཡོད།