ཕོ་བར་ཆེས་གནོད་པའི་གོམས་གཤིས་ངན་པ་བཞི།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-04   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར།

        གཞུང་ལས་ཁང་དུ་ལས་ཀ་བྱེད་མཁན་མང་པོ་ཞིག་ལ་མཚོན་ན། སྲ་མོའི་རིགས་ཟོས་ཚེ་ཕོ་བས་འཇུ་དཀའ་བ་དང་། འོ་མ་ཉུང་ཙམ་འཐུང་ན་ཕོ་བ་སྦོས་པ། ཁ་ཚ་བའི་རིགས་ཟོས་ན་ཕོ་བ་གཟེར་བ་སོགས། ནམ་རྒྱུན་བཟའ་འདོད་པའི་ཟས་ཞིམ་པོའི་རིགས་ནི་བསྟེན་ཁག་པོ་ཡོང་གིན་ཡོད་ལ། དེའི་རྒྱུ་རྐྱེན་ནི་གང་ལ་རག་ལས་སམ་ཞེ་ན།

        ཕོ་བ་ནི་ཡས་ཀྱི་མིད་པ་དང་མས་ཀྱི་རྒྱུ་མ་གཉིས་ཀར་འབྲེལ་ལ། འཇུ་ལམ་གྱི་ཆ་ཤས་ཆེ་ཤོས་དེ་ཡིན། དེ་ལ་ཟགས་ཐོན་དང་སྐྱེལ་འདྲེན་གྱི་བྱེད་ནུས་ལྡན་པས། ཟས་ལ་སྣོལ་རྫི་བྱེད་པའི་འཕྲུལ་ཆས་ཤིག་དང་འདྲ་བར། ཟས་རིགས་སྣ་མང་ཕྲན་བུ་དུ་མར་འབྱེད་ཅིང་འདམ་མྱག་ཏུ་རྫི་བར་བྱས་ཏེ། དྭངས་སྙིགས་འབྱེད་པའི་སྟ་གོན་བྱེད་པ་ཡིན།
        རྒྱུན་ལྡན་དུ་ཕོ་བའི་གཤེར་ཁུ་ལ་ཚྭ་སྐྱུར་དང་སྤྲི་དཀར་རྩབས་འདུ་བས་ཕོ་བའི་འབྱར་སྐྱི་རལ་བར་བྱེད་པའི་ནུས་པ་ལྡན་མོད། འབྱར་སྐྱིའི་ཕྲ་ཕུང་དང་སྐྱུར་མེད་ཕྲ་ཕུང་གི་གྲུབ་རྫས་ཀྱིས་ཕོ་བའི་འབྱར་སྐྱི་ལ་ཡོལ་བ་སྲབ་མོ་ཞིག་གྲུབ་ཡོད་པས། ནུས་པ་དེ་ཐོན་དཀའ་བ་ཡིན།
        ཡིན་ནའང་། འཚོ་བའི་གོམས་གཤིས་ངན་པས་བསླད་ཚེ། དེ་འདྲའི་གནས་བབ་ལ་གཏོར་བརླག་ཐེབས་ཏེ་ཕོ་བ་མི་བདེ་བར་བྱེད་པ་ཡིན་ཏེ།
        1.སེམས་ལས་ཆེ་བ། བྱ་བའི་ཁུར་ལྕི་བ་དང་འགྲོས་མགྱོགས་པ་ནི་གཞུང་ལས་པ་དག་ལ་མཚོན་ན་ཆེས་རྒྱུན་ལྡན་ཞིག་ཡིན། སེམས་ཤུགས་སྒྲིམ་པ་དང་སེམས་ཁྲལ་ཆེ་བ། ཞེ་སྡང་སྐྱེས་པ་སོགས་ཀྱི་སྐབས་སུ། སེམས་ཀྱི་བརྡ་རྟགས་དེ་དག་ཀླད་པའི་སྐྱི་ཤུན་བརྒྱུད་དེ་དབང་རྩའི་མ་ལག་ལ་སླེབས་པ་དང་། དེ་ལ་བརྟེན་ནས་ཕོ་བའི་ཁྲག་རྩ་དང་ཕོ་ཁ་རེངས་པར་བྱེད་པ་ཡིན་ལ། དེ་བཞིན་དུ་ཕོ་སྐྱུར་དང་ཕོ་རྩབས་མང་དུ་ཐོན་ནས། ཕོ་བའི་འབྱར་སྐྱི་ལ་གནོད་པ་བཟོ་བ་ཡིན།
        2.གཉིད་མི་བདེ་བ། གཉིད་བདེ་མིན་ནི་ཕོ་བའི་བདེ་ཐང་ལ་འབྲེལ་བ་ཤིན་ཏུ་ཆེ་ཡང་། གཞུང་ལས་པ་མང་པོར་མཚན་སྐྱེལ་བ་དང་གཉིད་ཡེར་བའི་གནས་ཚུལ་མང་། གཉིད་བདེ་བོ་མ་ཁུགས་པ་དང་བསྟུན་ནས། ཕོ་རྒྱུའི་གནས་བབ་ལ་གཏོར་བརླག་ཐེབས་ཏེ། ཕྱི་ཉིན་སེམས་ཤུགས་ཉམས་པ་དང་ཡི་ག་ཞན་པར་འགྱུར་ལ། དེ་འདྲའི་གནས་ཚུལ་ཡང་དང་བསྐྱར་དུ་བྱུང་ནས་འགོར་ཚེ། ཕོ་བའི་གནས་ལ་ནད་ལྡང་བ་ཡིན།
        3.ཟས་ཚོད་དང་ཟས་དུས་འཁྲུགས་པ། གཞུང་ལས་པ་མང་པོས་ཟས་དུས་སུ་མི་བསྟེན་པ་དང་། ཐ་ན་ཟས་བཅད་དེ་ཚོ་སྦྱོང་བར་འདོད་མཁན་ཡང་ཡོད། ཟས་ཉུང་ངུ་ལས་མ་བསྟེན་ཚེ། ཕོ་བས་ལམ་སང་འཇུ་ཚར་འགྲོ་བ་དང་། ཤུལ་དུ་ཕོ་སྐྱུར་མང་པོ་ཐོན་ནས་ཕོ་སྐྱི་རལ་བར་བྱེད་ངེས་ལ། ཕོ་བའི་འབྱར་སྐྱི་ལ་གནོད་དེ་རྨ་བརྡོལ་བར་འགྱུར། བྱ་བའི་ཁུར་ལྕི་བའི་ཚེ་ན། ལ་ལས་ད་དུང་ཟས་མང་དུ་བསྟེན་ནས་སེམས་ཤུགས་བསྐྱེད་ཐབས་བྱེད། སྐབས་དེར་ཕོ་བ་རྒྱགས་ཆེ་སྟབས་ཟས་འཇུ་དཀའ་བའི་གནས་ཚུལ་འབྱུང་བ་ཡིན།
        4.དུ་ཆང་བསྟེན་པ། བྱ་བའི་དགོས་དབང་གིས་ཆང་འཐུང་དགོས་པར་ཐུག་དུས་ཡོད་ལ། བྱ་བའི་སེམས་ཁུར་བསང་ཆེད་ལ་དུ་བ་འཐེན་པར་ཡང་བྱེད། ཡིན་ནའང་། ཡུན་རིང་པོའམ་ཡང་ན་ཐེངས་གཅིག་ལ་ཆང་བཙན་པོ་མང་དུ་བསྟེན་ཚེ། ཕོ་བའི་འབྱར་སྐྱི་སྲུང་བའི་ཡོལ་བར་ཐད་ཀར་གནོད་འཚེ་ཕོག་སྟེ། ཁྲག་འཛུམ་པ་དང་ཆུ་གསོག་པ། རྨ་རལ་བ། ཐ་ན་ཁྲག་བརྡོལ་བར་ཡང་འགྱུར། དུ་བའི་གྲུབ་རྫས་ཀྱིས་ཕོ་བའི་འབྱར་སྐྱི་ལ་གནོད་དེ། འབྱར་སྐྱིའི་ཁྲག་རྩ་ཕྲ་མོ་རེངས་འཁུམ་བྱུང་སྟེ། ཕོ་བའི་འབྱར་སྐྱི་སྲུང་ནུས་པའི་གཤེར་རྩི་རིགས་ཤིག་གྲུབ་པར་གེགས་བྱེད་པ་ཡིན། དུ་བས་ད་དུང་ཕོ་སྐྱུར་དང་ཕོ་རྩབས་ཀྱི་ཟགས་ཐོན་ལ་གྲོགས་བྱེད་པས། འབྱར་སྐྱི་ལ་གཏོར་བརླག་ཐེབས་ཏེ་རྨ་བརྡོལ་བའི་གྲོགས་སུ་འགྲོ་བ་ཡིན། །