ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་བཅུ་བར་མཛུབ་སྟོན་གལ་ཆེན་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-06   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

        རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་བཅུ་བར་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས། རྩ་ཁྲིམས་ནི་རྒྱལ་སྐྱོང་བདེ་འགོད་ཀྱི་སྤྱིའི་སྒྲིག་སྲོལ་ཡིན་པ་དང་། ང་ཚོའི་ཏང་གིས་རྒྱལ་སྐྱོང་སྲིད་འཛིན་བྱེད་པའི་གཞི་རྩའི་བཅའ་ཁྲིམས་ཀྱི་རྒྱབ་བརྟེན་ཡིན་ལ། རྒྱལ་ཁབ་ཀྱི་ཆབ་སྲིད་དང་སྤྱི་ཚོགས་འཚོ་བའི་ཆེས་མཐོའི་བཅའ་ཁྲིམས་ཚད་གཞི་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཏང་གིས་རྩ་ཁྲིམས་བྱ་བའི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་བྱས་ཤིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་ཁྲིམས་གཞུང་ལུགས་དང་རྩ་ཁྲིམས་ལག་ལེན་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་སྟེ། རང་རྒྱལ་གྱི་རྩ་ཁྲིམས་ལམ་ལུགས་ཀྱི་འཛུགས་སྐྲུན་དང་རྩ་ཁྲིམས་ལག་བསྟར་བྱས་པ་ལས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་སྐུལ་འདེད་བཏང་ཡོད་ཅེས་གསུངས།

        ཞི་ཅིན་ཕིང་གིས་བཞུད་ལམ་གསར་བའི་སྟེང་། བློ་བརྟན་འགྱུར་མེད་ཀྱིས་རྩ་ཁྲིམས་ཀྱི་དབང་གྲགས་དང་ལ་རྒྱར་སྲུང་སྐྱོབ་བྱེད་པ་དང་། རྩ་ཁྲིམས་འཐུས་ཚང་དུ་གཏོང་བ་དང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་རྩ་ཁྲིམས་ཀྱི་རྒྱལ་སྐྱོང་སྲིད་འཛིན་ཁྲོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས། ཆབ་སྲིད་ལམ་ལུགས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། རྩ་ཁྲིམས་ལས་གཏན་འཁེལ་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་གོ་གནས་ལ་གཡོ་འགུལ་མེད་པ་རྒྱུན་འཁྱོངས་དང་། རྩ་ཁྲིམས་ལས་གཏན་འཁེལ་བྱས་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་གཅོད་ཀྱི་རྒྱལ་ཁབ་ཀྱི་སྒྲིག་གཞི་དང་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་སྲིད་འཛིན་སྒྲིག་གཞིར་གཡོ་འགུལ་མེད་པ་རྒྱུན་འཁྱོངས་བྱེད་དགོས། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྩ་ཁྲིམས་ཀྱི་གཏན་འཁེལ་དང་རྩ་ཁྲིམས་ཀྱི་རྩ་དོན། རྩ་ཁྲིམས་ཀྱི་དགོངས་དོན་བཅས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། རྩ་ཁྲིམས་ཀྱི་ལག་བསྟར་དང་རྩ་ཁྲིམས་ཀྱི་འགྲེལ་བརྗོད། རྩ་ཁྲིམས་ཀྱི་ལྟ་རྟོག་བཅས་ཀྱི་མ་ལག་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པ། རྩ་ཁྲིམས་སྙིང་བོར་བྱས་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་བཏང་སྟེ། རྒྱུན་ཆད་མེད་པར་རྩ་ཁྲིམས་ཀྱི་ལག་བསྟར་དང་ལྟ་རྟོག་གི་ཆུ་ཚད་ཇེ་མཐོར་གཏོང་དགོས། རྩ་ཁྲིམས་གཞུང་ལུགས་ཀྱི་ཞིབ་འཇུག་དང་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་པ་དང་། ཤེས་བྱའི་ཁྱབ་གདལ་དང་གཞུང་ལུགས་རྒྱས་འགྲེལ། ལྟ་བའི་ཁྲིད་སྟོན་བཅས་ཀྱི་ཕྱོགས་ཡོངས་ལ་ཤུགས་འདོན་པ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་ཧྲིལ་བོ་ནས་ཤུགས་ཆེན་པོས་རྩ་ཁྲིམས་ཀྱི་དགོངས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་དགོངས་པ་དར་སྤེལ་བྱས་ནས། རྩ་ཁྲིམས་ལག་བསྟར་བྱེད་པ་དེ་མི་དམངས་ཡོངས་ཀྱི་རང་རྟོགས་ཀྱི་བྱ་སྤྱོད་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

        རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གྱིས་ཚེས4ཉིན་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་། ཁྲིམས་འཛིན་པུའུ་གཉིས་དང་མཉམ་དུ་པེ་ཅིན་ནས་རྩ་ཁྲིམས་དགོངས་དོན་དར་སྤེལ་དང་རྩ་ཁྲིམས་ལག་བསྟར་ལ་ཤུགས་སྣོན་བྱས་ནས། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ཆེད་དུ་རྩ་ཁྲིམས་འགན་སྲུང་འདོན་སྤྲོད་བྱེད་དགོས་ཞེས་པའི་བཞུགས་མོལ་ཚོགས་འདུ་བསྡུས། ཚོགས་ཐོག་ནས་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་བཞུགས་མོལ་ཚོགས་འདུར་ཞུགས་ཏེ་གསུང་བཤད་གནང་།

        ཀྲའོ་ལེ་ཅི་ཡིས་གསུང་བཤད་གནང་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཕྱོགས་ཡོངས་ནས་རྩ་ཁྲིམས་ལག་བསྟར་དང་དྲིལ་སྒྲོག་སློབ་གསོའི་བྱ་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་ཀྱི་གཞི་རྩའི་བཅའ་ཁྲིམས་ཀྱི་ཁྱད་སྟོབས་དང་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་དགོས་པ་ནན་བཤད་གནང་།

        ཀྲའོ་ལེ་ཅི་ཡིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩ་ཁྲིམས་དང་རྩ་ཁྲིམས་ལག་བསྟར་ཐད་ནས་གསུང་བཤད་དང་རྩོམ་ཡིག་གལ་ཆེན་རབ་དང་རིམ་པ་སྤེལ་བ་དང་། མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་བཏོན་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་ཁྲིམས་གཞུང་ལུགས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་བར་མ་ཟད། དུས་རབས་གསར་བའི་ཀྲུང་གོའི་རྩ་ཁྲིམས་ལག་ལེན་གྱི་ལེའུ་གསར་བ་འབྲི་བར་གཞི་རྩའི་སྲུང་བྱ་དང་འགུལ་སྐྱོད་ཕྱོགས་སྟོན་འདོན་སྤྲོད་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་ནི་རང་རྒྱལ་གྱི་རྩ་ཁྲིམས་ཀྱི་ཆེས་མངོན་པར་གསལ་བའི་ཁྱད་ཆོས་དང་གཞི་རྩའི་རེ་བ་ཡིན་པར་ངེས་ཤེས་ཟབ་མོ་རྙེད་པར་བྱེད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། སྲུང་སྐྱོང་གཉིས་བཟང་བོར་བསྒྲུབས་ཏེ། ཏང་གི་མགོ་ཁྲིད་དེ་ཕྱོགས་ཡོངས་དང་མ་ལག་ལྡན་པའི་སྒོ་ནས་ཆ་ཚང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་བརྒྱུད་རིམ་སོ་སོར་དངོས་འབེབས་བྱེད་པར་ཁག་ཐེག་བྱེད་དགོས། རང་རྒྱལ་གྱི་རྩ་ཁྲིམས་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་མངོན་གསལ་ལྡན་པའི་རྩ་ཁྲིམས་ཤིག་ཡིན་ལ། ངེས་པ་དོན་གྱི་མི་དམངས་ཀྱི་རྩ་ཁྲིམས་ཤིག་ཡིན་པར་ངེས་ཤེས་ཟབ་མོ་རྙེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་རེ་བ་ཁོང་དུ་ཆུད་པ་དམ་འཛིན་བྱས་ནས་རྩ་ཁྲིམས་ཀྱིས་ཐུན་མོང་ངོས་ཟིན་གཅིག་སྡུད་དང་མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུ་དགོས། རང་རྒྱལ་གྱི་རྩ་ཁྲིམས་ལ་བླ་ན་མེད་པའི་ཁྲིམས་ལུགས་གོ་གནས་དང་སྟོབས་དང་ལྡན་པའི་ཁྲིམས་ལུགས་སྟོབས་ཤུགས་ལྡན་པར་ངོས་འཛིན་ཟབ་མོ་བྱས་ཤིང་། ཕྱོགས་ཡོངས་ནས་རྩ་ཁྲིམས་ལག་བསྟར་བྱེད་པ་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་བྱེད་པའི་ཐོག་མའི་ལས་འགན་ཡིན་པར་ངེས་ཤེས་ཡོད་པར་བྱས་ཏེ། ཁྲིམས་སྐྱོང་གི་བགྲོད་ལམ་སྟེང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས་ཞེས་བསྟན།

        ཀྲའོ་ལེ་ཅི་ཡིས་བཞུད་ལམ་གསར་བའི་སྟེང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་ཁྲིམས་གཞུང་ལུགས་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། རྒྱུན་ཆད་མེད་པར་རྩ་ཁྲིམས་ལག་བསྟར་བྱེད་པའི་བྱ་བ་གཏིང་ཟབ་ཏུ་སྤེལ་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་བ་དང་། རྩ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འཁེལ་གྱི་ལག་བསྟར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། རྩ་ཁྲིམས་ཀྱི་ལྟ་རྟོག་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ཚན་རིག་གི་ཕན་ནུས་དང་མ་ལག་ཆ་ཚང་བའི་ལམ་ལུགས་མ་ལག་བཀོལ་ནས་རྩ་ཁྲིམས་ཀྱི་ལག་བསྟར་ལ་ཁག་ཐེག་བྱེད་དགོས། ཀྲུང་གོའི་རྩ་ཁྲིམས་ཀྱི་གཏམ་རྒྱུད་ལེགས་པོར་བརྗོད་པ་དང་། རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་དང་རྩ་ཁྲིམས་ཀྱི་གཞུང་ལུགས་ཞིབ་འཇུག་ལ་ཤུགས་སྣོན་བྱས་ནས། མི་དམངས་ཡོངས་རྫོགས་རྩ་ཁྲིམས་ལ་བློ་དཀར་བའི་གོང་བཀུར་མཁན་དང་རང་རྟོགས་ཀྱིས་བརྩི་སྲུང་བྱེད་མཁན། བློ་བརྟན་འགྱུར་མེད་ཀྱི་སྲུང་སྐྱོབ་མཁན་དུ་འགྱུར་བར་བྱེད་དགོས་པ་ནན་གྱིས་བསྟན།

        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན་ནམ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧོང་ཀྲུང་གིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས།

        ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་རྒྱལ་ཡོངས་དམངས་ཆེན་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་། ཁྲིམས་འཛིན་པུའུ། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སློབ་གསོ་པུའུ། ཀྲུང་གོའི་ཁྲིམས་རིག་སློབ་ཚོགས་བཅས་ཀྱི་འགན་ཁུར་བློ་མཐུན་དང་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིས་བཞུགས་མོལ་ཚོགས་འདུའི་སྟེང་གཏམ་བཤད་སྤེལ།

        ཞའོ་ཅེ་དང་ཧའོ་མེན་ཅིན། ཀྲང་ཆིན་ཝེ་བཅས་བཞུགས་མོལ་ཚོགས་འདུར་ཞུགས།

        རྒྱལ་ཡོངས་དམངས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོ་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན། པེ་ཅིན་དུ་ཡོད་པའི་མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ཁང་སྐོར་ཞིག་གི་ཆེད་མཁས་པ་སོགས་བཞུགས་མོལ་ཚོགས་འདུར་ཞུགས།  །