«ཀྲུང་གོའི་བོད་སྨན»(དེབ5)པར་སྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-08   རྩོམ་ཁུངས།    མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།

        ཉེ་ཆར་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་སྨན་སྤྱི་ཀླུ་བྱམས་རྒྱལ་དང་གནུབས་དོན་གྲུབ་ཚེ་རིང་གིས་གཙོ་སྒྲིག་བྱས་པའི་དཔེ་ཚོགས«ཀྲུང་གོའི་བོད་སྨན»ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས།

        བོད་ཀྱི་གསོ་བ་རིག་པ་ནི་འཛམ་གླིང་སྲོལ་རྒྱུན་གསོ་རིག་ཁྲོད་གཞུང་ལུགས་དང་ལག་ལེན་ཕུན་སུམ་ཚོགས་ཤིང་། གཏན་ཚིགས་རིགས་ལམ་གྱི་གཞི་སྒྲོམ་རྨད་དུ་བྱུང་བའི་རིག་ཚན་ཁྱད་པར་བ་ཞིག་ཡིན་པའི་སྟབས་ཀྱིས་ཕྱི་ནང་གི་མཁས་དབང་དཔྱོད་ལྡན་མང་པོས་དོ་སྣང་བྱ་ཡུལ་དུ་གྱུར་ཡོད། ད་རེས་ཞིང་ཆེན་བོད་སྨན་ཁང་གིས་མཚོ་སྔོན་ཞིང་ཆེན་བོད་སྨན་འཕེལ་རྒྱས་ཀྱི་དགོས་མཁོ་དང་སྒོས་སུ་དུས་རབས་ཀྱི་འགྲོས་དང་མཐུན་པའི་བོད་ལུགས་གསོ་རིག་གི་འཕེལ་རྒྱས་རྒྱུན་འཛིན་ལ་དམིགས་ཏེ། གཞུང་ལུགས་དང་ནད་ཐོག སྨན་སྦྱོར་དང་སྨན་རྫས་སོགས་ནང་དོན་ཀུན་འདུས་ཀྱི་པོད་ལྔའི་བདག་ཉིད་ཅན་གྱི་དཔྱད་ཡིག་ཆ་ཚང་ཞིག་བསྒྲིགས་ཏེ་ཐུན་མཚམས་ཀྱི་སྨན་བཞིན་ཀློག་པ་པོའི་གསོས་སུ་བསྩལ་ཡོད།

        «གསོ་རིག་དཔལ་ལྡན་རྒྱུད་བཞི»ནི་བོད་ཀྱི་གསོ་རིག་གཞུང་ལུགས་ཀུན་ཀྱི་ཕྱི་མོ་ཡིན་པས་དེ་ལ་རྩ་བ་ཐུགས་ཀྱི་རྒྱུད། བཤད་པ་སྐུ་ཡི་རྒྱུད། མན་ངག་ཡོན་ཏན་རྒྱུད། ཕྱི་མ་འཕྲིན་ལས་རྒྱུད་བཅས་རྒྱུད་བཞི་དང་། ལེའུ་བརྒྱ་དང་ང་དྲུག ཤོ་ལོ་ཀ་ལྔ་སྟོང་དགུ་བརྒྱ་སོ་གཅིག་གིས་གྲུབ་ཡོད་ཅིང་། ད་ལྟའི་བར་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་ལ། རིམ་བྱོན་མཁས་དབང་མང་པོས་ཞུ་ནན་བྱས་པའི་གཞུང་ལུགས་ཚད་ལྡན་ཞིག་ཡིན།

        «ཉམས་ཡིག་ཡིད་བཞིན་ནོར་བུ»ལས་ནད་བྱེ་བྲག་པའི་རྒྱུ་རྐྱེན་དང་གསོ་བཅོས་བསྟན་ཡོད་ལ། ཁྱད་པར་དུ་གསོ་རིག་རྒྱུད་བཞིའི་གསོ་བཅོས་ཐབས་ཤེས་གཟེངས་སུ་ཐོན་པར་བྱས་ཡོད་པས། ནད་ཀྱི་ངོ་བོ་ངོས་འཛིན་དང་གསོ་བཅོས་ལག་ལེན་ལ་གཞུང་ལུགས་ཀྱིས་མཛུབ་སྟོན་བྱེད་ཐུབ།

        «སྨན་རྫས་མཐོང་དོན་རབ་གསལ»ཞེས་པ་ལས་སྨན་རེ་རེ་མཐོང་བ་ཙམ་གྱིས་མངོན་ལྐོག་གི་དོན་རྣམས་རབ་ཏུ་གསལ་བར་འཆར་ནུས་ཤིང་དེ་དག་ཀུན་ཀྱང་ཁུངས་ཐུབ་ཀྱི་གཞུང་དང་། ལག་ལེན་ཁྲོད་ཞུན་བརྡར་བཅད་དེ་ཐོན་པ་དང་། གཞན་ཡང་གསོ་རིག་གཞན་གྱི་ལེགས་ཆ་མི་ཉུང་བ་ཞིག་ཀྱང་བོད་ལུགས་གསོ་རིག་གི་དོན་དང་མཐུན་པར་བབ་བསྟུན་གྱིས་སྦྱར་ཡོད།

        «སྨན་སྦྱོར་རྒྱལ་པོའི་གན་མཛད»དུ་སྨན་སྣ་གྲངས་ཆིག་སྟོང་བཞི་བརྒྱ་ལྷག་བསྡུས་ཡོད་ལ། དེ་དག་ཀྱང་ནད་ཐོག་ཏུ་འཁྱེར་བདེ་བ། གོ་ཆོད་པ། སྨན་སྣ་ཉུང་བ་བཅས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་པས། ད་ལྟའི་སྨན་རྫས་འཕྲུལ་སྦྱོར་གྱི་ལག་ལེན་དང་འཚམ་པོ་ཡོད་པ་དང་། སྨན་སྦྱོར་རེ་རེར་ཡང་ཚད་དང་བསིལ་དྲོད་སོགས་ཀྱི་སྨན་ནུས་གསལ་བོར་བཀོད་ཡོད་པས་ནད་ཐོག་ལག་ལེན་ལ་གཞུང་ལུགས་ཀྱི་རེམ་བུ་བཏེགས་ཡོད།

        «ལུམས་ཀྱི་ལག་ལེན་ཡིག་ཆུང»ཞེས་པའི་དེབ་འདི་ནི་བོད་སྨན་རྒྱུད་འཛིན་པ་དང་ཞིབ་འཇུག་པ་མང་པོས་ཆེད་དུ་ལུམས་བཅོས་རིག་པར་ཞིབ་འཇུག་བྱས་པའི་དཔྱད་རྩོམ་བཞི་བཅུ་ལྷག་གིས་གྲུབ་ཡོད་ལ། ལུམས་བཅོས་ནི་བོད་ཀྱི་གསོ་རིག་གི་དམིགས་བསལ་བཅོས་ཐབས་ཤིག་ཡིན་པས་འཛམ་གླིང་ཤུལ་བཞག་རིག་གནས་ཀྱི་གྲས་སུ་ཚུད་ཡོད། གཞུང་ལུགས་དང་ལག་ལེན་ཟུང་དུ་འབྲེལ་ནས་ལུམས་བཅོས་རིག་པའི་གསང་གནད་བཀྲལ་ཡོད་པ་ནི་དེབ་འདིའི་ཁྱད་ཆོས་སུ་འཁུམས།