སེམས་ཀྱི་ཉི་ཟླའི་བོད་ཀྱི་འཁལ་འཐག་ལག་རྩལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        སེམས་ཀྱི་ཉི་ཟླ་གྲོང་ཁུལ་ནས་ལྷོ་ཕྱོགས་ལ་སྤྱི་ལེ་30ལྷག་སོང་ན་ཡང་ཐང་གྲོང་རྡལ་མཐུན་སྒྲིལ་གྲོང་ཚོའི་བྱེ་མ་ཁ་གྲོང་མི་ཚོ་ཆུང་གི་ཨ་ཕྱི་ཚེ་སྒྲུབ་སྒྲོལ་མའི་ཚང་ལ་སླེབས་པ་རེད། དགུན་འགོའི་བྱེ་མ་ཁ་ནི་ཤིང་ལོ་ལྷུང་བ་དང་སྤང་ཐང་སྟེང་གི་རྩྭ་ཡང་སྐམ་སོང་བས་ཉམས་རྒུད་ཀྱི་རྣམ་པ་ཞིག་ཆགས་འདུག ཡིན་ན་ཡང་ཨ་ཕྱི་ཚེ་སྒྲུབ་སྒྲོལ་མ་ཚང་གི་ར་བའི་ནང་མེ་ཏོག་སྣ་ཚོགས་བཞད་ཡོད་ལ། ལྗོན་པའི་བསིལ་གྲིབ་ཀྱིས་གཡོགས་པས་ཁང་བའི་ག་ས་གང་དུ་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་རྒྱས་ཡོད་པ་རེད།

图片

ཨ་ཕྱི་ཚེ་སྒྲུབ་སྒྲོལ་མ།

        ཨ་ཕྱི་ཚེ་སྒྲུབ་སྒྲོལ་མ་ནི་ད་ལོར་ལོ་ན་83ཟིན་ཡོད་ལ། མོ་ལ་ཕར་བལྟས་ན་རྣམ་རིག་ཡག་པོ་འདུག མོས་ངོ་སྤྲོད་བྱས་པ་ལྟར་ན། མོ་ནི་ལོ་བཅུ་ནས་བཟུང་རང་གི་ཨ་མ་མདུན་ནས་འཁལ་འཐག་ལག་རྩལ་སྦྱངས་བ་དང་། དང་ཐོག་མོས་བྱིན་དཀྲི་སོགས་འཐག་ལས་སླ་མོ་སྣ་ཚོགས་ནས་འགོ་ཚུགས། མོ་ལོ་ཆུང་དུས་སུ་ལུས་ལ་གྱོན་པའི་གོས་ཡོད་ཚད་ནི་རང་གིས་འཐག་དགོས་པ་དང་། དབྱར་ཁར་དབྱར་གོས་འཐག་པ་དང་དགུན་ཁར་དགུན་གོས་འཐག་པ། དུས་རྒྱུན་ཉིན་མོར་ཕྱིར་ལས་ཀར་འགྲོ་དགོས་པས་མཚན་མོར་བལ་བསེད་པ་དང་བལ་བཀལ་ནས་ནང་མི་ཡོངས་ཀྱི་གོས་བཟོ་ཆེད་གྲ་སྒྲིག་བྱེད་དགོས་པ་རེད་ཟེར།
图片
ཐགས་དཀར།
        སྤྱིར་བོད་ཀྱི་འཁལ་འཐག་ལག་རྩལ་གྱི་ལོ་རྒྱུས་ནི་བོད་ཀྱི་ལོ་རྒྱུས་ཇི་ལྟར་རིང་བ་དེ་བཞིན་དུ་རིང་བ་ཡིན་ཏེ་འདི་ཡི་རྒྱུ་ཆ་དང་བཟོ་སྟངས་གང་ལ་གཞིག་ན་གདོད་མའི་རྣམ་པ་ཆེས་ལེགས་པར་འཆང་བའི་དུས་སྔ་མོའི་མི་དག་གི་ལག་རྩལ་ལས་གྲུབ་པར་མངོན་ཡོད་དེ། ལྷག་པར་དུ་བོད་ཀྱི་བཙན་པོ་གྲི་གུམ་བཙན་པོའི་རིང་ལ་འཁལ་འཐག་ལས་རིགས་དར་ཁྱབ་ཏུ་ཕྱིན་པའི་བཤད་སྲོལ་ཡོད་པ་ལྟར་ན། འཁལ་འཐག་གི་ལོ་རྒྱུས་ཀྱང་ཉུང་མཐར་མི་ལོ2500ཡར་སྔོན་དུ་དེད་ཆོག་པ་རེད།

图片

བལ་གདན་དང་ལྷམ་སྒྲོག

        འཁལ་འཐག་ལག་རྩལ་ནི་བོད་རིགས་མང་ཚོགས་ཀྱི་བློ་གྲོས་ལས་ཐོན་པའི་ལག་རྩལ་ཁྱད་མཚར་བ་ཞིག་ཡིན་ལ། མེས་པོ་གོང་མ་ཚོའི་བློ་གྲོས་དང་འཚོ་བའི་ཉམས་མྱོང་ལས་གྲུབ་པའི་ཡ་ཐོག་ཤེས་རིག་གི་རྣམ་གྲངས་ཞིག་ཀྱང་ཡིན། དེ་ཡང་བདེ་ཆེན་སེམས་ཀྱི་ཉི་ཟླའི་བོད་རིགས་ཀྱི་འཁལ་འཐག་ལག་རྩལ་གྱི་འབྱུང་ཁུངས་དང་གྲུབ་ཚུལ། འཕེལ་རྒྱས་ནི་ས་གནས་དེ་གའི་བོད་རིགས་མང་ཚོགས་ཡུན་རིང་སྡོད་སའི་རང་བྱུང་ཁོར་ཡུག་དང་གནམ་གཤིས་ཀྱི་ཆ་རྐྱེན། ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་དང་དེ་བཞིན་ལོ་རྒྱུས་དང་རིག་གནས་འཕེལ་རྒྱས་ཀྱི་ལོ་རྒྱུས་ལ་འབྲེལ་བ་དམ་ཟབ་ཡོད་པ་དང་། སེམས་ཀྱི་ཉི་ཟླའི་བོད་རིགས་མང་ཚོགས་མང་ཆེ་བ་ནི་ཞིང་འབྲོག་ཟུང་འབྲེལ་གྱི་ཐོན་སྐྱེད་འཚོ་བ་སྐྱེལ་སྟངས་ཡིན་པས་འཁལ་འཐག་གི་ཐོན་རྫས་ནི་འཚོ་བའི་ཁྲོད་དུ་སྤྱོད་སྒོ་ཧ་ཅང་ཆེ་སྟེ། ཕྲུག་པ་དང་ཕྱ་ར། སྐེ་རགས། བྱིན་དཀྲི་ལྷམ་སྒྲོག ཇ་ཁུག་ཚྭ་ཁུག བཙུགས་ཕྲུག ཉལ་གདན་སོགས་ནི་རྒྱུན་མཐོང་གི་འཁལ་འཐག་ཐོན་རྫས་ཁ་ཤས་ཡིན། སྔོན་མར་འཁལ་འཐག་ལག་རྩལ་ནི་སེམས་ཀྱི་ཉི་ཟླའི་བོད་རིགས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། འཁལ་འཐག་གི་ཐོན་རྫས་དེ་དག་ནི་སྲ་ཞིང་སྤྱོད་ཤན་ཆེ་བ་དང་། དྲོད་འཛིན་རང་བཞིན་ཡག་པོ་ཡོད་པར་བརྟེན་རྒྱ་ཆེའི་མང་ཚོགས་ཀྱིས་དགའ་ཞེན་ཆེན་པོ་བྱེད་ཀྱིན་ཡོད། ཡུན་རིང་གི་ལག་ལེན་ངལ་རྩོལ་དང་ཉམས་མྱོང་ཕྱོགས་བསྡོམས་བརྒྱུད་དེ་འཁལ་འཐག་ལག་རྩལ་ཡང་རྒྱུན་ཆད་མེད་པར་གསར་སྒྱུར་དང་ལེགས་བཅོས་བྱས་ཡོད་དེ་སྣ་རིགས་ཇེ་མང་སོང་བ་དང་ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཡོད།

图片

ཇ་སྒྱེ་ཚྭ་སྒྱེ(གཡོན)དང་བསང་ཁུག(གཡས)

        ཨ་ཕྱི་ཚེ་སྒྲུབ་སྒྲོལ་མས་ངོ་སྤྲོད་བྱས་པ་ལྟར་ན། སྔོན་ཆད་ཀྱི་འཁལ་འཐག་བྱེད་པའི་རྒྱུ་ཆ་གཙོ་བོ་ནི་ལུག་བལ་དང་རྩིད་པ་ཡིན་ལ། དེང་སང་ཡིན་ན་རས་སྐུད་དང་སྐུད་པ་གཞན་སྤྱོད་པ་ཡང་མང་། སྲོལ་རྒྱུན་གྱི་ཐགས་ཆས་ནི་ཕུར་བ་དང་ཐགས་མ། སྣེ། ཐགས་སྤུན། ཐགས་སུག ཐགས་སྐེ་རགས་སོགས་ཡོད་པ་རེད། དེང་གི་དུས་འདིར་མགར་བ་སོགས་ཀྱིས་བཟོ་པའི་ལྕགས་གི་ཐགས་ཁྲི་སྟབས་བདེ་མོ་བཀོལ་སྤྱོད་བྱེད་མཁན་མང་པོ་འདུག འཁལ་འཐག་གི་གོ་རིམ་ནི་ཅུང་རྙོག་འཛིང་ཆེན་པོ་ཡོད་དེ། དང་པོར་ལུག་དང་གཡག་ནས་འབྲེག་པའི་ལུག་བལ་དང་རྩིད་པ་གཙང་མར་བཀྲུས་ནས་སྐམ་དུ་བཅུག་པ་དང་དེ་ནས་ལུག་བལ་དང་རྩིད་པ་ལག་པའམ་བལ་གསེད་ཀྱིས་བསེད་ནས་བལ་ལེབ་བཟོས་རྗེས། གཡོན་ལག་གིས་བལ་ལེབ་འཛིན་ཏེ་དལ་བར་འཐེན་པ་དང་གཡས་ལག་གིས་འཕང་འཁོར་ནས་སྐུད་པ་ཕྲ་མོར་བཀལ་དགོས། བལ་བཀལ་རྗེས་གྲུ་གུ་རྡོག་ནས་ཡར་བཙོས་རྗེས་ས་སྟེང་ཕུར་བ་འདེབས་ཏེ་ཐགས་འབྲན་ཆོག ཐགས་འབྲན་ཚུལ་ལ་རིགས་སྣ་ཁག་ཡོད་པ་དེ་གཙོ་བོ་ནི་ཐགས་བཏགས་རྗེས་ཐགས་ཀྱི་རི་མོའི་ཁྱད་པ་ཡིན་པ་རེད། ཐགས་འབྲན་ཚར་རྗེས་ཐགས་ཆས་ལ་སྤོས་ཏེ་སྣེ་གཅིག་གམ་གསུམ་འཐུ་ནས་དངོས་སུ་ཐགས་འཐག་འགོ་རྩོམ་པ་དང་། ཡང་འཁལ་འཐག་གི་ཐོན་རྫས་མི་འདྲ་བར་ཐགས་འབྲན་སྐབས་སྐུད་པ་སྤྱོད་ཚུལ་དང་ཐགས་འཐག་ཚུལ་མི་འདྲ་བ་འགའ་ཡོད། དཔེར་བཞག་ན་ཕྱ་ར་འཐག་ན་རྩིད་པ་འབྲན་དགོས་པ་མ་ཟད། ཐགས་ཀྱི་ཁ་ཞིང་གཅིག་ན་སྐུད་པ་དཀར་གསེར་དམར་ལྗང་སོགས་འཇའ་ཚོན་གྱི་ཚོན་མདོག་འདྲ་འབྲན་དགོས། ཡང་བཙུགས་ཕྲུག་འཐག་ན་ཐགས་འཐག་སྐབས་བཙུགས་སྤུ་བཙུགས་དགོས། སེམས་ཀྱི་ཉི་ཟླའི་སྐྱེས་པ་ཚོ་བཅིངས་རྒྱུའི་སྐེ་རགས་དང་ཕྱ་ར་ཆུང་ཆུང་འཐག་ན་ད་དུང་ཐགས་སྟེང་རི་མོ་སྣ་ཚོགས་སླ་དགོས་པ་དང་། ཕྲུག་པ་ཞིག་བཟོ་ན་ཐགས་དཀར་ཁྲ་བཅོ་བརྒྱད་ཙམ་ཡོད་པ་གཉིས་བཏག་ནས་དྲུབ་དགོས་པ་རེད།

图片

སྐྱེས་པ་བུའི་སྟོད་ཐུང་།

图片

བུད་མེད་ཀྱི་སྟོང་ཐུང་།

图片

ཐགས་དཀར་ཕྲུག་པ།

        ཨ་ཕྱི་ཚེ་སྒྲུབ་སྒྲོལ་མས་ལག་རྩལ་ནི་རང་གིས་རྒྱུད་འཛིན་བྱེད་པའི་དུས་མཚུངས་སུ་གཞན་པ་ནས་སློབ་སྦྱོང་བྱེད་རྒྱུ་ཡང་ཤིན་ཏུ་གལ་ཆེ་བ་རེད་ཟེར། མོའི་ཐགས་འཐག་པའི་ལག་རྩལ་ནི་དང་ཐོག་རང་གི་ཨ་མ་མདུན་ནས་སྦྱངས་བ་ཡིན་པ་དང་། ཐེངས་ཤིག་མོར་ལྷ་སར་སོང་དུས་ལྷ་སའི་ཁྲོམ་རར་བསང་ཁུག་འཚོང་རྒྱུ་ཡོད་པ་དེ་རང་ཡུལ་གྱི་སྲོལ་རྒྱུན་གྱི་བསང་ཁུག་བཟོ་སྟངས་དང་མི་འདྲ་བ་མཐོང་བས། མོས་ཚོང་དཔོན་ལ་བསང་ཁུག་དེའི་བཟོ་སྟངས་དྲིས་བ་དང་། ཡུལ་ལ་ལོག་རྗེས་རང་རང་གིས་ཐགས་འཐག་ནས་བསང་ཁུག་དེ་འདྲ་བཟོས། དེ་མ་ཟད་བཙུགས་ཕྲུག་སྟེང་རི་མོ་དང་ཡི་གེ་སྣ་ཚོགས་བཙུགས་ན་བལ་སྐུད་རྐྱང་རྐྱང་བཙུགས་པ་ལས་མཛེས་བས་མོས་གོས་དང་ཅ་ལག་གཞན་ལ་དཔེར་བལྟས་ནས་བཙུགས་ཕྲུག་སྟེང་མེ་ཏོག་སོགས་རི་མོ་འདྲ་མིན་སྣ་ཚོགས་བཙུགས། དེ་ཡང་མོས་ཐགས་འཐག་པའི་ལག་རྩལ་དེ་རང་གི་བུ་མོ་དང་ཚ་མོ་ཀུན་ལ་བསླབས་པ་མ་ཟད། གྲོང་པ་ནང་གི་བུད་མེད་གཞན་དག་ལ་ཡང་བསླབས་ཡོད་པས་དགུན་ཁར་ཞིང་ལས་ཉུང་དུས་གྲོང་པ་ནང་གི་བུད་མེད་ཚོས་མོའི་ཚང་ལ་འཛོམས་ནས་ལག་རྩལ་དེ་སྦྱངས་ཡོང་། མོས་ལག་རྩལ་འདི་སྦྱངས་བའི་འདོད་པ་ཡོད་མཁན་ཚང་མར་ལྷག་བསམ་ཟོལ་མེད་ཀྱིས་བསླབས་ཡོད།

图片

ཨ་ཕྱི་ཚེ་སྒྲུབ་སྒྲོལ་མས་བཏགས་པའི་བསམ་ཁུག་གསར་པ། 

        ཨ་ཕྱི་ཚེ་སྒྲུབ་སྒྲོལ་མས་ཏང་གི་བཀའ་དྲིན་འོག དུས་རབས་ཉིན་རེ་ལས་ཉིན་རེ་ཡར་ཐོན་དང་འཕེལ་རྒྱས་བྱུང་བས་བུད་མེད་ཚོས་མཛེས་དཔྱོད་འཚོལ་སྙེག་ཇེ་ཆེ་ནས་ཇེ་ཆེར་གྱུར་བ་དང་ཐགས་ཀྱི་ཐོན་རྫས་དེ་དག་སྤྱོད་པའི་ངེས་པར་མེད་ལ་རང་གིས་དགོས་རྒྱུ་ཚོང་ཁང་ནས་ཉོ་ཐུབ་མོད། འོན་ཀྱང་མི་རིགས་ཀྱི་སྲོལ་རྒྱུན་གྱི་ལག་རྩལ་འདི་ཉིད་མི་རབས་ནས་མི་རབས་མི་ཉམས་པའི་ཆེད་དུ་བུད་མེད་ཚོས་ངེས་པར་དུ་ལག་རྩལ་དེ་སློབ་སྦྱོང་ཡག་པོ་བྱས་ནས་རྒྱུད་འཛིན་བྱེད་གང་ཐུབ་བྱེད་དགོས་ལ། དེང་གི་དུས་འདིར་འཁལ་འཐག་གི་རྒྱུ་ཆ་དང་ལག་ཆས་ལ་ཡང་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པས་འཁལ་འཐག་གི་རྒྱུ་ཆ་ལུག་བལ་དང་རྩིད་པ་བཀོལ་བའི་ཚད་བཀག་མེད་པར་ཚོང་ཁང་ནས་སྐུད་པ་སྣ་མིན་སྣ་ཚོགས་ཉོས་ནས་བཀོལ་ཆོག་པ་དང་། ཡང་མགར་བ་ཚོས་ཀྱང་ས་སྟེང་ཕུར་བ་འདེབས་མི་དགོས་པར་ག་ས་གང་དུ་ཁྱེར་ནས་ཐགས་བྲན་ཆོག་པའི་སྟབས་བདེ་ཅན་གྱི་ལག་ཆས་སྣ་ཚོགས་བཟོ་ཡོད་པས། བུད་མེད་ཚོ་ཐགས་འཐག་བའི་གོ་རིམ་སྔོན་ཆད་དང་བསྡུར་ན་དེ་འདྲ་རྙོག་འཛིང་ཆེན་མོ་མེད་པས་ལག་རྩལ་དེ་རང་གི་སྦྱངས་གང་ཐུབ་བྱེད་པའི་རེ་བ་ཡང་ནས་ཡང་དུ་བཏོན་པ་རེད།

图片

ཨ་ཕྱི་ཚེ་སྒྲུབ་སྒྲོལ་མས་བཏགས་པའི་ཐགས་ཀྱི་ཐོན་རྫས་སྣ་ཚོགས།