ང་ཚོ་དང་ང་ཚོའི་མ་འོངས་པ།

རྩོམ་པ་པོ།   བདེ་སངས་རིན་ཆེན་མཁར། ཅོ་ནེ།  ཡིག་བསྒྱུར།       དུས་ཚོད།   2023-12-20   རྩོམ་ཁུངས།   

图片

ང་ཚོ་དང་ང་ཚོའི་མ་འོངས་པ།


བདེ་སངས་རིན་ཆེན་མཁར།  ཅོ་ནེ། 

ཀྱེ་ཀྱེ།

ཇི་འདྲའི་ངོ་མཚར་ཆེ་བ་ལ།

ཇི་འདྲའི་མཛེས་སྡུག་ལྡན་པ་ལ།

དབྱར་གཞུང་གི་མེ་ཏོག

ཆར་རྗེས་ཀྱི་རྦབ་ཆུ།

བརྗིད་ཆགས་ཀྱི་རྫ་རི།

དགུན་གཞུང་གི་གངས་རི།

མཐོངས་དབྱིངས་ཀྱི་རྒོད་པོ།

འཁྱུག་འཁྱུག་གི་གློག་ཞགས།

དྲག་འབབ་ཀྱི་ཐོག་མདའ།

ཨ་ཧ། མཛེས་ཆ་དང་སྤོབས་པ།

བརྗིད་ཉམས་དང་སྤོབས་པ།

དཔལ་རྩལ་དང་བློ་གྲོས།

ད་དུང་། བླ་ན་མེད་པའི་ཟིལ་ཤུགས།ངོ་མ་ཅི་ཡང་ཡོད་འདུག་ལ།

ཅི་ཡང་བསྒྲུབ་ནུས་དགོས།

སྔོན་ཆད་ཀྱི་གཟི་འོད།

འཛམ་གླིང་ན་དཀར་ཞིང་རྩྭ་ཐང་ན་འཚེར།

མགྱོགས་འགྲོ་ཡི་རྨིག་སྒྲ་ཕྱོགས་བཞི་ན་གྲགས།

སྟོབས་འབྱོར་གྱི་དབང་ཐང་རི་རབ་ལྟར་བརྗིད་ལ།

ཟིལ་རྔམ་གྱི་བཀའ་བཙན་གནམ་ལྕགས་ལྟར་འབབ།

འབྲེལ་འདྲིས་ཀྱི་ཕོ་ཉ་གློག་དམར་ལྟར་འཁྱུག་ལ།

རྩལ་ཆེན་གྱི་གཞོན་རབས་རྒྱ་སྟག་ལྟར་གཏུམ།

ཕར་རྒོལ་ཚུར་ལེན་གྱི་མདའ་མདོང་རྒོད་ལ།

གཉའ་གནོན་དང་གནོད་འཚེ་ཡི་སྡུག་ཡུས་དབེན་པ།

ཞི་བདེ་དང་དགའ་སྤྲོའི་འཛུམ་མདངས་དེ་མངར་ལ།

བཀྲ་ཤིས་དང་དཔལ་གཡང་མ་ལུས་སུ་འཛོམས་ལ།

ལུགས་མཐུན་གྱི་མཛད་འཕྲིན་མཁར་རྔ་བཞིན་རྡུང་།

གངས་རི་དང་ཉི་ཟླའི་གཟི་དཔལ་རྒྱས་ཤིང་།

སྐར་ཚོགས་དང་མཚོ་མོའི་རྟེན་འབྲེལ་གྱི་སྦྱོར་སྟངས་ཡག

གཞོན་རབས་པ་ནི།

དུས་རབས་ཀྱི་རྣམ་ཤེས།

རྦབ་རླབས་ཀྱི་གདེངས་ཀ

སྣང་འོད་ཀྱི་ཡང་སྙིང་།

ལྗང་མྱུག་གི་སྐྱེས་སྟོབས།

སྔོན་ཆད་ནི་གཞོན་ནུའི་མཛད་བཟང་ཡིན་ལ།

ད་ལྟ་ཡང་གཞོན་ནུའི་འཇིག་རྟེན་དང་བཞིན་རས་ཡིན།

མ་འོངས་པ་གཞོན་རབས་པའི་སང་ཉིན་ཡིན་ལ།

སང་ཉིན་ནི་ད་ལྟའི་གཞོན་རབས་པའི་མ་འོངས་ཡིན།


མདོར་ན།

ད་ལྟ། སྔོན་ཆད། མ་འོངས་པ།

ཡོད་ཚད་ཀྱི་ཡོད་ཚད།

སྤོབས་པ་ལས་གྲུབ་པའི།

དཔལ་ཡོན་ལས་གྲུབ་པའི།

བློ་གྲོས་ལས་གྲུབ་པའི།

དཔའ་ངར་ལས་གྲུབ་པའི།

ལྷག་བསམ་ལས་གྲུབ་པའི།

མེ་ལྕེ་ལྟ་བུའི་གཞོན་རབས་པ་ཡིན་ལ།

རྦབ་ཆུ་ལྟ་བུའི་གཞོན་རབས་པ་ཡིན།

ཨོ། གཞོན་རབས་པ་སུ་རེད། ང་ཚོ་ཡིན།

གཞོན་པ་གང་ན་ཡོད། གཞོན་རབས་པ་འདི་ན་ཡོད།

གཞོན་རབས་པས་ཅི་ཞིག་སྒྲུབ་ཀྱིན་ཡོད།

གཞོན་རབས་པས།

བླང་དོར་མ་འཆིག་པར།

དམིགས་ཡུལ་མ་འཆིག་པར།

འདུ་ཤེས་མ་འཆིག་པར།

རང་ཚུགས་མ་འཆིག་པར།

ད་ལྟ་བ་བཟོ་བཅོས་དང་བཟོ་བཅོས།

གསར་སྐྲུན་དང་གསར་སྐྲུན་བྱེད་བཞིན་ཡོད།

དབྱར་གཞུང་གི་རྩི་ཤིང་ལ་གསོན་ཤུགས་རྫོགས།

དབྱར་གཞུང་གི་བེའུ་མཆོང་ལྡིང་ལྷག

དབྱར་གཞུང་གི་བྲུག་ཆུའི་གོམ་ཁ་ལྷོད།

ང་ཚོའི་མི་རིགས་ལ་གོད་ཁ་དང་འཇིགས་སྐྱོན་མང་།

རང་བྱུང་གི་གདོན་བགེགས་དང་ཡ་ང་བའི་དམག་འཁྲུག

གདོད་མ་ནས།

སྡུག་བསྔལ་ལས་ཐར་བར་གོམས་ཤིང་།

སྡུག་བསྔལ་ལས་རྒྱལ་བར་ནུས་པའི་ཡོད་ཚད་ཀྱི་སྟོབས་ཤུགས།

ཡོད་ཚད་ཀྱི་ཡང་སྙིང་།

ཡོད་ཚད་ཀྱི་རེ་བ།

གཅིག་ཏུ་བསྡུས་ཤིང་གཅིག་ཏུ་བསྡོམས་པའི་གཞོན་རབས་པ།

མིའི་རིགས་སྡུག་བསྔལ་ལ་མི་དུངས་ཤིང་དགའ་སྤྲོ་དང་ཞི་བདེ་ལ།

གུས་ཤིང་བརྩེ་བས་ཁྱེད་ཅག་ལ་ངེས་པར་གསལ་ངེས།

དེའི་ཕྱིར།

སྔོན་ཆད་མཐོང་ཤིང་ད་ལྟ་འཛིན་པ།

མ་འོངས་པ་བསྐྲུན་ཐུབ་རྒྱུ།

ང་ཚོ་སྟེ།

གཞོན་རབས་པ་ང་ཚོའི་དམ་བཅའ་དང་འོས་འགན།

རེ་བ་དང་དོན་སྙིང་ཡིན།

དེའི་ཕྱིར།

ང་ཚོ་ནི་ད་ལྟ་བ་ཡིན་པས།

ད་ལྟ་ནི་ང་ཚོའི་བཞིན་རས་དང་སྣང་བརྙན་ཡིན་ལ།

མ་འོངས་བའི་དུས་ཚིགས་ཀྱི་བཞིན་རས་ཀྱང་ཡིན་པས།

ཁོ་ཚོ་དང་ཁོ་ཚོ་ལ་དགོས་དོན་དང་རེ་འདོད་ཧ་ཅང་མང་བ།

ང་ཚོས་ཤེས། ང་ཚོའི་ང་ཚོ་ནི།

བཀའ་སྒྲུབ་མཁན་མིན་པའི་འགན་ཁུར་ཅན་ཞིག་དང་།

དྲན་སྐུལ་གྱི་ཅོང་བརྡ་ཞིག་མི་དགོས་པར་རང་ཉིད།

རྟོགས་སད་མཁན་ཞིག་ཡིན་པ་གསལ་བོར་མཐོང་ཞིང་།

གསལ་བོར་བསྒྲུབ་པས།

ངོ་མཚར་བའི་དངོས་བོ་དེ་དག།

གཏན་ནས་རང་ཚུགས་ཀྱིས་བཞུགས་དང་།

ཁྱེད་ཅག་གི་ངོ་བོ་ལ་ཕོག་རྒོལ་མི་གཏོང་བ་ཁག་ཐེག་ཡིན།