ས་ཡོམ་རྒྱག་སྐབས་འདི་འདྲ་གནང་དང་། སྲོག་ཉེན་ལས་ཐར་ཐུབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-22   རྩོམ་ཁུངས།    西藏日报藏文媒体

ས་ཡོམ་རྒྱག་སྐབས་སྲོག་ཉེན་ལས་ཐར་ཐབས་ཇི་ལྟར་བྱེད་དགོས་སམ།

⬇️⬇️⬇️



ཁང་པའི་ནང་དུ་སྡོད་སྐབས་ས་ཡོམ་བརྒྱབ་ཚེ་ཇི་ལྟར་བྱེད་དགོས།

    ཁང་པའི་ནང་དུ་སྡོད་སྐབས་ས་ཡོམ་བརྒྱབ་ན། བརྟན་ས་ཞིག་ཏུ་སྡོད་དགོས་པ་ལས། དངངས་འཚབ་ཆེན་པོས་ཕྱིར་བྲོས་མི་ཉན། དེ་བཞིན་སྒྲོག་ཙེ་སོགས་ཁྱིམ་ཆས་མཁྲེགས་པོའི་འོག་ཏུ་གབ་ནས་འབོལ་གདན་དང་སྔས་མགོ་སོགས་ཀྱིས་མགོ་ཡག་པོ་སྲུང་དགོས། ས་ཡོམ་བརྒྱབ་ཚར་རྗེས། ལམ་སེང་དེ་ནས་དོན་ཏེ་ཉེན་ཁ་མེད་སར་འགྲོ་དགོས།



སྤྱི་པའི་འདུ་གནས་སུ་ཡོད་དུས་ས་ཡོམ་བརྒྱབ་ཚེ་ཇི་ལྟར་བྱེད་དགོས།

    གལ་ཏེ་གློག་བརྙན་ཁང་དང་ལུས་རྩལ་ཁང་སོགས་སུ་ཡོད་ཚེ། རང་སར་སྡོད་པའམ་ཡང་ན་རྐུབ་བཀྱག་འོག་ཏུ་གབ་ནས་ལྟོ་ཕད་སོགས་ཀྱིས་མགོ་ཡག་པོ་སྲུང་དགོས་པ་དང་། མཐོ་སར་བཀལ་བའི་ཅ་དངོས་སོགས་ལ་གཡོལ་དགོས། གལ་ཏེ་གློག་ཤི་ཚེ་སྐད་ཅོར་མ་བརྒྱབ་པར་ས་ཡོམ་མ་འཇགས་བར་སྒུག་དགོས། དེ་རྗེས་ལས་དོན་པའི་བཀོད་འདོམས་བཞིན་གོ་རིམ་ལྡན་པའི་སྒོ་ནས་ཕྱིར་དོན་དགོས། གལ་ཏེ་ཚོང་ར་དང་། དཔེ་ཁང་། འགྲེམས་ཁང་སོགས་སུ་ཡོད་ཚེ། སྒྲོམ་སྟེགས་མཁྲེགས་པོ་དང་། ཚོང་ཟོག(ཁྱིམ་ཆས་ཆུང་ངུ་སོགས)གམ་ཀ་བ་སོགས་ཀྱི་འགྲམ་དུ་སྡོད་པའམ་ཡང་ན་རྩིག་ཟུར་དུ་བསྡད་དེ་ལག་པའམ་ཅ་དངོས་གཞན་གྱིས་མགོ་ཡག་པོ་སྲུང་དགོས།
    གལ་ཏེ་སློབ་ཚན་འཚོག་པའི་སྒང་ཡིན་ཚེ། སློབ་མས་དགེ་རྒན་གྱི་བཀོད་འདོམས་བཞིན་མགོ་བོ་བཀབ་པ་དང་མིག་བཙུམས་ནས་སྒྲོག་ཙེའི་འོག་ཏུ་འཛུལ་བ་ལས། གང་སར་རྒྱུག་པའམ་ཡང་ན་སྒེའུ་ཁུང་ནས་མཆོངས་པ་སོགས་བྱེད་མི་ཉན། ས་ཡོམ་འཇགས་རྗེས་གོ་རིམ་ལྡན་པའི་སྒོ་ནས་ཕྱིར་དོན་ཏེ་ཐག་ཉེ་སའི་ཐང་སྡེར་དུ་འགྲོ་དགོས།
    གལ་ཏེ་གློག་སྐས་ནང་དུ་ཡོད་ཚེ། ཐོག་སོ་ཚང་མའི་མཐེབ་བཀྱག་མནན་དགོས། དེའི་སྐབས་སུ་གློག་སྐས་སྒོ་འབྱེད་ཚེ་དེ་ནས་ལམ་སེང་དོན་དགོས། གློག་སྐས་ནང་ལུས་ཚེ་གློག་སྐས་ཀྱི་ཆེད་སྤྱོད་ཁ་པར་ནས་དོ་དམ་བྱེད་མཁན་ལ་འབྲེལ་བ་བྱས་ཏེ་རོགས་རམ་ཐོབ་ཐབས་བྱེད་དགོས།



མོ་ཊ་གཏོང་གིན་ས་ཡོམ་བརྒྱབ་ཚེ་ཇི་ལྟར་བྱེད་དགོས།

    གལ་ཏེ་མོ་ཊ་གཏོང་རིང་ས་ཡོམ་བརྒྱབ་ན། བདེ་འཇགས་ཀྱི་རྨང་གཞིའི་ཐོག་མོ་ཊ་ལམ་སེང་ཁ་བཀག་དགོས་པ་དང་། མོ་ཊ་ལྕང་སྡོང་དང་། སྣོལ་ཟམ། ཁང་པ། མཐོ་གནོན་གློག་སྐུད་སོགས་ཀྱི་འོག་ཏུའམ་ཡང་ན་དེའི་འཁྲིད་དུ་འཇོག་མི་ཉན། ས་ཡོམ་མ་འཇགས་བར་དུ་མོ་ཊའི་ནང་དུ་སྡོད་དགོས། མོ་ཊའི་ནང་བསྡད་ཚེ་མཐོ་ས་ནས་ཟག་པའི་དངོས་པོ་ལས་གཡོལ་ཐུབ། ས་ཡོམ་རྦད་དེ་འཇགས་རྗེས་འཕྲལ་དུ་ཉེན་ཁ་མེད་སར་འགྲོ་དགོས་པ་དང་། ལམ་བར་དུ་གས་སྐྱོན་ཤོར་བའི་ལམ་དང་ཟམ་པ་སོགས་ལ་གཡོལ་དགོས།



ཕྱི་རོལ་དུ་སྡོད་སྐབས་ས་ཡོམ་བརྒྱབ་ན་ཇི་ལྟར་བྱེད་དགོས།

    ཕྱི་རོལ་དུ་སྡོད་སྐབས་ས་ཡོམ་བརྒྱབ་ཚེ་ས་ཆ་དེ་རང་དུ་བསྡད་ནས་ཉེ་འཁོར་གྱི་གནས་ཚུལ་ལ་ལྟ་དགོས་པ་ལས། གཞུང་ལམ་དང་སྤྱི་གླིང་སོགས་སུ་ཕར་རྒྱུག་ཚུར་རྒྱུག་བྱེད་མི་ཉན། དེ་བཞིན་ཅ་དངོས་ཟག་ཉེན་ཆེ་བའི་རི་ལྡེབས་དང་། ལམ་སྒྲོན། ཁང་པ་སོགས་ལ་གཡོལ་དགོས། ཁང་པ་ཁག་གཅིག་ལ་ཡོམ་འགོག་གི་ནུས་པ་ལྡན་ཡང་མཐོ་ས་ནས་སྒོ་བྱང་དང་ཤེལ་ཏོག་སོགས་ཟགས་པར་ཡིན་གཅིག་དོགས་ཟོན་བྱེད་དགོས།