བློ་མཐུན་མའོ་ཙེ་ཏུང་ལ་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-28   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར་གྱི་བོད་ཡིག་སྨྱན་སྦྱོར།

ཟླ་12ཚེས་26ཉིན་ཀྲུང་གུང་ཀྲུང་དབྱང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་བློ་མཐུན་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ་130འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

        ཚེས་26ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་ཚོགས་ཁང་ཆེ་མོར་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་བློ་མཐུན་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ་130འཁོར་བར་དྲན་གསོ་ཞུས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། བློ་མཐུན་མའོ་ཙེ་ཏུང་ནི་རླབས་ཆེན་གྱི་མར་ཁེ་སི་རིང་ལུགས་པ་དང་། རླབས་ཆེན་གྱི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་དང་འཐབ་ཇུས་མཁས་ཅན། རིགས་པའི་གཞུང་ལུགས་མཁས་ཅན་བཅས་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་རླབས་ཆེན་གྱི་གསར་འབྱེད་པ་དང་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱ་གཞག་གི་རླབས་ཆེན་གྱི་རྨང་གཞི་འདིང་མཁན། ཉེ་རབས་ཚུན་གྱི་ཀྲུང་གོའི་རླབས་ཆེན་གྱི་རྒྱལ་གཅེས་པ་དང་མི་རིགས་ཀྱི་དཔའ་བོ། ཏང་གི་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་མི་རབས་དང་པོའི་སྲོག་ཤིང་། ཀྲུང་གོའི་མི་དམངས་ཀྱི་འགོ་ཁྲིད་དེ་རང་ཉིད་ཀྱི་ལས་དབང་དང་རྒྱལ་ཁབ་ཀྱི་རྣམ་པར་འགྱུར་ལྡོག་མཐར་ཕྱིན་པ་གཏོང་མཁན་གྱི་དུས་རབས་ཀྱི་རླབས་ཆེན་མི་སྣ། འཛམ་གླིང་ཐོག་གི་གཉའ་གནོན་མྱོང་མཁན་མི་རིགས་ལ་བཅིངས་འགྲོལ་དང་མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་ལ་ལེགས་སྐྱེས་གལ་ཆེན་འབུལ་མཁན་གྱི་རླབས་ཆེན་གྱི་རྒྱལ་སྤྱིའི་རིང་ལུགས་པ་བཅས་རེད། མའོ་ཙེ་ཏུང་གི་དགོངས་པ་ནི་རང་རེའི་ཏང་གི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན་པས། ང་ཚོའི་བྱ་སྤྱོད་ལ་མཛུབ་ཁྲིད་ཡུན་རིང་བྱེད་ཀྱི་རེད། བློ་མཐུན་མའོ་ཙེ་ཏུང་ལ་དྲན་གསོ་བྱེད་ལུགས་ཡག་ཤོས་ནི། ཁོང་གིས་བཏོད་གནང་བའི་བྱ་གཞག་མུ་མཐུད་མདུན་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུ་དེ་རེད།
        ཞི་ཅིན་ཕིང་གིས་གསུང་བཤད་ནང་བསྟན་དོན། བློ་མཐུན་མའོ་ཙེ་ཏུང་གི་སྐུ་ཚེ་ཧྲིལ་པོ་ནི་རྒྱལ་ཁབ་འབྱོར་ཕྱུག་དང་། མི་རིགས་དར་རྒྱས། མི་དམངས་བདེ་སྐྱིད་བཅས་ཀྱི་ཆེད་དུ་འབད་བརྩོན་ལྷོད་མེད་གནང་བའི་སྐུ་ཚེ་ཧྲིལ་པོ་རེད། ཁོང་གིས་མི་དམངས་ལ་སྣེ་ཁྲིད་དེ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་ལོ་རྒྱུས་ཀྱི་འཕེལ་རིམ་གསར་གཏོད་གནང་བ་མ་ཟད། རླབས་ཆེན་དང་། གཟི་བརྗིད། ཡང་དག་པ་བཅས་ཀྱི་ཀྲུང་གོ་གུང་ཁྲན་ཏང་བཙུགས་པ་དང་། མི་དམངས་རང་ཁྱིམ་རང་བདག་གི་ཀྲུང་གོ་གསར་པ་བཙུགས་པ། སྔོན་ཐོན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཏོད་པ། འཐབ་ན་རྒྱལ་ངེས་ཡིན་པའི་མི་དམངས་ཀྱི་དམག་དཔུང་གསར་པ་བཙུགས་པས། ཀྲུང་ཧྭ་མི་རིགས་དང་ཀྲུང་གོའི་མི་དམངས་ལ་བསུབ་ཐབས་མེད་པའི་ལོ་རྒྱུས་ཀྱི་མཛད་རྗེས་བཞག་ཡོད་ལ། བསྐལ་བརྒྱར་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལེགས་སྐྱེས་ཀྱང་ཕུལ་ཡོད།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། བློ་མཐུན་མའོ་ཙེ་ཏུང་གིས་རང་ཉིད་ཀྱི་སྐུ་ཚེ་ཧྲིལ་པོ་ཏང་དང་མི་དམངས་ལ་ཕུལ་བ་མ་ཟད། མི་རབས་རྗེས་མས་ནམ་ཡང་མི་བརྗེད་པའི་བླ་ན་མེད་པའི་བསམ་པའི་ཉམས་འགྱུར་བཞག་གནང་ཡོད། བློ་མཐུན་མའོ་ཙེ་ཏུང་ལས་རླབས་ཆེན་གྱི་གསར་བརྗེའི་གཙོ་འཛིན་གྱི་མཐོ་གཟིགས་འོག་བསྐྱངས་ཀྱི་ཆབ་སྲིད་ཀྱི་གཟིགས་རྒྱང་དང་། བློ་བརྟན་འགྱུར་མེད་ཀྱི་གསར་བརྗེའི་དད་སེམས། གསར་གཏོད་བྱེད་ཕོད་པའི་བློ་སྟོབས་ཆེན་པོ་དང་བྱང་གོམས་ཆེ་བའི་འཐབ་རྩོད་ཀྱི་སྒྱུ་རྩལ། ཁྱད་དུ་འཕགས་པའི་འགོ་ཁྲིད་ཀྱི་འཇོན་ཐང་། མི་དམངས་ལ་བཅངས་པའི་བློ་དཀར་བརྩེ་སེམས། ཐུགས་རྒྱ་ཡངས་པའི་བློ་གཤོགས། དཀའ་སྤྱད་འབད་འཐབ་ཀྱི་སྤྱོད་ཚུལ་བཟང་པོ་བཅས་མངོན་པས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་དགའ་གཅེས་དང་དད་གུས་ཐོབ་ཡོད། བློ་མཐུན་མའོ་ཙེ་ཏུང་གི་བླ་ན་མེད་པའི་བསམ་པའི་ཉམས་འགྱུར་ནི་ང་ཚོ་ནམ་ཡང་མུ་མཐུད་མདུན་དུ་སྐྱོད་པར་སྐུལ་ལྕག་བྱེད་པའི་སྒུལ་ཤུགས་ཆེན་པོ་ཞིག་རེད།
        ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་ནི་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ལྟེ་བའི་ལས་འགན་ཞིག་རེད། དེ་ནི་མའོ་ཙེ་ཏུང་སོགས་གསར་བརྗེ་པ་རྒན་རབས་ཚོས་བསྒྲུབས་ཟིན་མེད་པའི་བྱ་གཞག་ཅིག་རེད་ལ། དེང་སྐབས་ཀྲུང་གོ་གུང་ཁྲན་ཏང་མིའི་གཟི་བརྗིད་ལྡན་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཞིག་ཀྱང་རེད། རྒྱང་ལམ་གསར་པར་ང་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། ལོ་རྒྱུས་ཀྱི་རང་འགུལ་ལ་སྟངས་འཛིན་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བྱ་གཞག་རླབས་པོ་ཆེ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པའི་དེང་རབས་ཅན་ཞིག་ཡིན་པས་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་སྐྲུན་ཐུབ་པ་མ་ཟད། འཛམ་གླིང་རྒྱལ་ཁབ་ཁག་གི་དེང་རབས་ཅན་ལ་ཡང་སྐུལ་མ་གཏོང་ཐུབ། ང་ཚོས་བློ་བརྟན་འགྱུར་མེད་ངང་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་པ་དང་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་གྱི་ཕྱོགས་སུ་ལངས་ནས་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཁེ་བཅས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། མིའི་རིགས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་བཏང་སྟེ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་། ཡུན་རིང་ཞི་བདེ་དང་། སྤྱི་ཡོངས་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་དབྱེ་བསྟུན་མཁས། དྭངས་གཙང་མཛེས་སྡུག་ལྡན་པ་བཅས་ཀྱི་འཛམ་གླིང་སྐྲུན་པར་སྐུལ་འདེད་གཏོང་དགོས།