རིག་ལྡན་རྒྱ་མཚོ་དང་ཁོས་གསར་དུ་བརྩམས་པའི་སྒྲུང་རྩོམ་དེབ་བཞི།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-08   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར།

“སྒྲུང་རྩོམ་དེབ་བཞི”པར་སྐྲུན་དང་འབྲེལ་སྐད་ཆ་འགའ་བཤད་པ།

རིག་ལྡན་རྒྱ་མཚོ།

        ངས་བྱིས་སྒྲུང་འབྲི་དུས་ཕལ་ཆེར1993ལོའི་སྐབས་ཤིག་ཡིན། དེ་དུས་སེམས་སུ་དྲན་པ་ནི་མང་པོའི་བསམ་ཚུལ་ཇི་བཞིན་མི་ཆོས་ཀུན་སྤྱོད་ལ་ཤུགས་སྣོན་རྒྱག་པའི་སྐོར་རེད། སྤྱི་ཚོགས་དཔལ་ཡོན་ཅན་ཏུ་སྐྱོད་པའི་སྐབས་སུ་སྲོལ་རྒྱུན་ལ་ཤན་ཤུགས་ངེས་ཅན་ཡོད་པར་མ་ཟད། འཇིགས་སྐུལ་གྱི་ཚོར་བའང་སྐྱེས་ཡོང་། དེ་ནི་ཕུགས་སུ་དོགས་པའི་བསམ་བློ་ཞིག་ལ་བརྟེན་ནས་འབྱུང་གིན་ཡོད་ལ། རང་མི་རིགས་ཀྱི་སྲོལ་རྒྱུན་ནི་ཀུན་ལས་ཁྱད་དུ་འཕགས་པར་སྙམ། ཡིན་ནའང་། མིའི་རིགས་དཔལ་ཡོན་ཅན་དུ་སྐྱོད་པའི་གནམ་འོག་འདི་རུ་ང་ཚོ་ཁོ་ན་ཁེར་རྐྱང་དུ་སྡོད་ཐབས་ག་ལ་ཡོད་ཨང་། སྔོན་ཆད་གྲོགས་པོ་ཞིག་གིས“ཁྱོད་ཀྱིས་བརྗོད་པའི་དཔལ་ཡོན་དེ་ཅི་ཞིག་ཡིན”ཞེས་དྲིས་མྱོང་། སྐབས་དེར་ངས་ཁོང་ལ་ལན་མ་བཏབ། ནམ་ཞིག་གྲོགས་པོ་ཁོང་གི་རང་སྟེང་ནས་དྲིས་ལན་རྙེད་ཁག་ཐེག་ཡིན། བརྩི་བཀུར་དང་འདྲ་མཉམ་ལས་རང་དབང་བྱུང་ལ། རང་དབང་གི་ཁྲོད་ནས་ད་གཟོད་དཔལ་ཡོན་བྱོན་པ་ལགས། རིག་གནས་གང་ཤིག་ཁྱད་འཕགས་སུ་རློམ་པའི་སྐབས་སུ་འདྲ་མཉམ་ཞེས་པའི་མིང་ཡང་རྙེད་པར་དཀའ་འོ། ངས་འདི་དག་བརྗོད་དགོས་དོན་ནི་བྱིས་སྒྲུང་གི་སྐོར་ལ་དགོས་ངེས་ཀྱི་སྔོན་འགྲོ་ཆ་རྐྱེན་འདོན་པ་ཡིན། རང་རེའི་ནང་དུ་བྱིས་སྒྲུང་སྐོར་གྱི་ལས་ཀ་སྒྲུབ་མཁན་ཇེ་མང་ནས་ཇེ་མང་རེད། ལ་ལས་བྱིས་སྒྲུང་ཇི་ལྟར་འབྲི་དགོས་པ་དེབ་གཟུགས་སུ་སྤེལ། དེ་དག་ལ་རྗེས་སུ་ཡི་རངས་ཡོད་མོད། ང་རང་གི་བསམ་ཚུལ་དངོས་ནི། བྱིས་སྒྲུང་འབྲི་བར་བཀག་རྒྱ་ཅི་ཡང་མེད་པར་རང་རྐྱ་འཕེར་བ་བྱུང་ཚེ། རང་རེའི་ནང་དུ་བསམ་བློའི་བཀག་རྒྱ་བྲལ་བའི་བྱིས་སྒྲུང་ཁག་ཅིག་འབྱུང་བ་སྨོས་མ་དགོས་སྙམ། ཡང་གཅིག་བཤད་ན། ངས་བྱིས་སྒྲུང་འབྲི་བའི་དམིགས་ཡུལ་ཡང་བྱིས་པའི་སེམས་རྒྱ་བསྐྱེད་རྒྱུའི་འདུན་པ་ཡོད་ཀྱང་། བློ་ཕམ་སྐྱེས་དགོས་པ་ནི་རང་ངོས་ཀྱི་བསམ་བློ་རིག་གནས་དང་། སྲོལ་རྒྱུན། ཤེས་ཚད་སོགས་ཀྱི་ཚད་བཀག་ལྡན་པས་བྲིས་པའི་སྒྲུང་གིས་ཀྱང་བྱིས་པའི་འཆར་སྒོའི་མཐེབ་གནོན་ལ་རེག་ཁག་པོ་རེད།

རྩོམ་པ་པོ་རིག་ལྡན་རྒྱ་མཚོ།

        ངའི་བྱིས་སྒྲུང་ཐོག་མ་ནི་གྲོག་མ་དམར་ནག་ཟུང་གི་གཏམ་རྒྱུད་ཅིག་ཡིན། དེའི་རྗེས«ཁུ་བྱུག་དམྱལ་བར་ལྷུང་བ» «བུ་མོ་ཡིད་དགའ» «སྦལ་ཕྲུག་ནོར་བུ»སོགས1996ལོར་བྲིས། དེ་ནས་བཟུང་ལད་འབྲི་དང་གསར་རྩོམ་སོགས་ཐབས་ལམ་ཅི་རིགས་ལས་བྱིས་སྒྲུང་མང་པོ་བྲིས་ཤིང་། དུས་དེབ་ཁག་ཏུ་མ་སྤེལ་བར་ལོ་མང་འགོར་མཐར། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་དུ«ཙིག་ཕྲུག་གི་ཉེན་ཁའི་ཟིན་ཐོ»ཞེས་པ་ཞིག་པར་སྐྲུན་བྱས་ཤིང་། རྗེས་སུ་མཐུན་རྐྱེན་ལེགས་པོ་ཞིག་གིས་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས«རི་བོང་བློ་ལྡན་གྱི་གཏམ་རྒྱུད་ཟློས་གར» «བཀྲ་ཤིས་དང་འཕྲུལ་གཡག་གི་གཏམ་རྒྱུད» «བློ་བཟང་བྱ་སྤུ» «བུ་ཆུང་སངས་རྒྱས» «སྲས་མོ་ཁྱུང་ཁྱུང་བོར་བའི་དོན་རྐྱེན» «མགོ་ལ་རྩྭ་སྐྱེས་པའི་མི» «དྲིལ་ཆུང་བྱི་ལའི་སྒྲུང» «རྡོ་ཁོག་གི་མེ་ཏོག»སོགས་ཡང་ཡང་པར་སྐྲུན་གནང་། ད་ཐེངས་ཀྱི་སྒྲུང་རྩོམ་དེབ་བཞི་སྟེ«ཕོ་རོག་དཀར་པོ» «སྐད་ཆ་བཤད་ཤེས་པའི་བྱ་ཕོ» «བང་སོ་བསླངས་པའི་མི» «ཁྱོད་སུ་ཡིན»བཅས་པ་ཡང་པར་སྐྲུན་གནང་། སྤྱིར་བཏང་ང་ལ་མཚོན་ན་བརྩམས་སྒྲུང་ལེགས་པོ་ཞིག་འབྲི་རྒྱུར་ཡང་དང་ཡང་དུ་ཚོད་ལྟ་བྱས་ཏེ། «གནའ་གྲོང» «ཕ་རྒན་གྱི་སྐྲ་ལོ» སྒྲུང་རིང«བློས་བསླངས་དཀྱིལ་འཁོར»སོགས་ལ་འབྲི་ཐབས་སྣ་མང་སྤྱད་དེ་བྲིས་ཤིང་། བག་ལ་ཞ་བའི་སེམས་ཚོར་རྒྱ་ཡན་པ་ལས་ངེས་མེད་ཀྱི་འབྲི་སྟངས་རེ་གཉིས་ཐོལ་བྱུང་དུ་བཀོལ་སྤྱོད་བྱས་ནའང་མི་རིགས་གཞན་དུ་ཐབས་ལམ་དེ་སྔ་མོ་ནས་སྤྱད་ཚར་འདུག «ཚོར་བའི་འཇིག་རྟེན»ཞེས་པའི་བརྩམས་སྒྲུང་དེ་སྦྲང་ཆར་དུ་སྤྲིངས་པར། རྩོམ་སྒྲིག་པ་ཆོས་སྐྱོང་ལགས་ཀྱིས་གཉུག་སྒྲུང(元小说)དུ་འདོད། སྐབས་དེར་ངའི་སེམས་སུ། སྒྲུང་རྩོམ་ནི་མི་རིགས་ཤིག་གི་གོ་རྟོགས་དང་འདྲ་ལ། གོ་རྟོགས་དམན་པའི་ཁྱུ་ཚོགས་ཀྱི་ཁྲོད་དུ་རྩོམ་རིག་གི་ས་རྒྱ་ཆེན་པོ་ཆོད་ཀྱི་མེད་པ་ཚོར་བས། “བྱིས་སྒྲུང་ལ་ངེས་པར་ཏུ་བཀག་རྒྱ་མེད་པར་དཀྱེལ་ཡངས་ཅན་གྱི་བསམ་བློ་དགོས་འདུག”སྙམ།

གཤམ་དུ། ད་ཐེངས་ཀྱི་སྒྲུང་རྩོམ་དེབ་བཞི་ངོ་སྤྲོད་མདོར་བསྡུས་ཤིག་བྱས་ན།

        དང་པོ«ཕོ་རོག་དཀར་པོ»ནི་རྟོག་བཏགས་ཀྱི་སྒྲུང་རྩོམ་ཞིག་ཡིན་ཏེ། སྒྲུང་རྩོམ་འདི་རུ་བྱིས་པའི་འཆར་སྒོ་ཡངས་པོར་བསྐྱེད་ཕྱིར་རྟོག་བཏགས་ཀྱི་འཇིག་རྟེན་སྣ་ཁ་གཉིས་བསྐྲུན་ཞིང་། སྣ་གཅིག་གི་ཁྲོད་དུ་མི་སྣ་གཙོ་བོ་བུ་ཆུང་མཐའ་ཡས་ཀྱིས་རང་གི་ནག་ཉེས་ལ་ངོས་ཟིན་ཐོབ་པ་དང་། དེ་ཐོབ་ནས་ཀྱང་། གཞན་གྱིས་ནག་ཉེས་དེ་བེད་སྤྱད་ནས་ཁྱོད་ཀྱི་རང་དབང་ལ་བཀག་རྒྱ་སྤྲོད་བསམ་ཚེ། དེར་རྩ་བ་ནས་མགོ་འབུལ་ཞུ་མི་རིགས་པར་རང་རྐྱ་འཕེར་བའི་བློ་སྐྱེས་དགོས་པ་བརྗོད་ཡོད། སྣ་གཞན་དེ་ནི་འཇིག་རྟེན་འདི་རྟེན་དང་བརྟེན་པའི་འབྲེལ་བ་ཡིན་ཕྱིན། བྱ་བ་ཅི་ཞིག་སྒྲུབ་ཚེ་ནུས་ཤུགས་མཉམ་དུ་འདོན་མཁན་གྱི་རིགས་དང་ཚོགས་སྐོར་མི་འདྲ་མང་པོའི་དགེ་མཚན་རྟོགས་དགོས་པ་སྨྲས་འདུག དེ་ལས་གཞན་དངོས་ཡོད་འཇིག་རྟེན་གྱི་ཕ་མའི་བརྩེ་བ་ནི་ཧ་ཅང་མཆོག་གྱུར་ཡིན་པའི་སྲོལ་རྒྱུན་གྱི་ལྟ་ཚུལ་ཡང་བཏོན་ཡོད་ལ། མཐའ་མཇུག རྟོག་བཏགས་ཁྲོད་ཀྱི་བྱ་དཀར་པོ་དང་དངོས་ཡོད་ཁྲོད་ཀྱི་ཕོ་རོག་དཀར་པོ་དེ་ནི་བུ་ཆུང་མཐའ་ཡས་ཀྱི་འཆར་སྒོ་ལ་ངོས་འཛིན་པར་རིགས།

        གཉིས་པ«བང་སོ་བསླངས་པའི་མི»ནི། མིང་ལ་མེ་ཏོག་པད་མ་སྤྲོ་ཞེས་པའི་བུ་མོ་ཆུང་ཆུང་ཞིག་ནར་མ་སོན་པར་ཚེ་འཕོས་པའི་རྟོག་བཏགས་ཀྱི་གཏམ་རྒྱུད་ཅིག་ཡིན། གཏམ་རྒྱུད་མ་བྲིས་པའི་སྔོན་ང་ལ་སེམས་ཚོར་ཡ་མཚན་ཅན་ཞིག་བྱུང་བ་སྟེ། ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ་མི་འགའ་ཤས་ཀྱིས་དོན་མེད་དུ་གཞན་ལ་ཚིག་མཚོན་འདེབས་པ་དང་། འཕོག་ཐུག་གཏོང་བ། ངོ་མཚང་འདྲུ་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་རང་གི་འདོད་པ་ཚིམས་པར་བྱེད། བྱ་སྤྱོད་དེས་མི་ཕ་རོལ་བོའི་སེམས་ལ་སྡུག་བསྔལ་སྣ་ཚོགས་འཇོག་པ་རེད། དེ་ནི་དགོས་མེད་ཀྱི་དོན་དག་ཅིག་ཡིན་མོད། ཁོང་རྣམ་པས་ཤེས་རྟོགས་བྱུང་གིན་མི་འདུག ངས་སྣང་ཚུལ་དེ་སྒྲུང་རྩོམ་གྱི་བརྗོད་བྱར་བཞག་སྟེ། བུ་མོ་མེ་ཏོག་པད་མ་སྤྲོས་མི་གཞན་གྱིས་མི་མཐོང་བའི་སྣང་བརྙན་མང་པོ་མཐོང་ཐུབ་པ་དང་། མཐོང་སྣེ་དེར་བརྟེན་ནས་ཉམ་ཆུང་ལ་རོགས་སྐྱོར་བྱས་མཐར། རང་ཉིད་ཀྱི་ཚེ་སྲོག་ཀྱང་ཤོར་བ་རེད། སྒྲུང་རྩོམ་འདིའི་ནང་གི་མི་སྣ་གཙོ་བོ་ཚེ་འཕོས་པ་དེས་ངའི་སེམས་སུ་འཕོག་ཐུག་ངེས་ཅན་བཟོས་པ་ནང་བཞིན། ཀློག་མཁན་རྣམ་པས་ཀྱང་སྒྲུང་རྩོམ་འདི་ལས་བྱུང་བའི་ཐོབ་ཤོར་གང་མང་ལ་མནོ་བསམ་བསྐོར་ཐུབ་ཚེ་ཧ་ཅང་དགའ་བའི་གནས་སུ་མཆིས་སོ། །

        གསུམ་པ«སྐད་ཆ་བཤད་ཤེས་པའི་བྱ་ཕོ»ནི། བྲེ་ཆེན་སྐྱབས་ཞེས་པའི་གྲོང་ཁྱེར་གྱི་བྱིས་པ་ཞིག་དབྱར་གནང་སྐབས་སུ་ཞིང་གྲོང་གི་རྨོ་མོའི་གམ་དུ་ཕྱིན་ནས་བསྡད་པ་དང་། བྱ་ཕོ་ཞིག་གསོས་པ་དེས་སྐད་ཆ་ཤོད་ཤེས་པར་གྱུར་ལ། བུ་ཆུང་དང་བྱ་ཕོ་སོགས་གྲོགས་པོ་མང་པོ་མཉམ་འབྲེལ་སྒོས་རུལ་སུངས་པ་འགའི་ནག་ཉེས་ཐེར་འདོན་བྱས་ཏེ། མ་གཞིར་གནས་སྤོར་དགོས་པའི་ཞིང་གྲོང་ཞིག་རང་འཇགས་གནས་ཆོག་པར་བྱས་ཏེ། ཞིང་གྲོང་གི་རིག་གནས་ལ་སྲུང་སྐྱོབ་གནང་བ་བྲིས་ཡོད། འདི་ཡང་རྟོག་བཏགས་ཀྱི་སྒྲུང་རྩོམ་ཞིག་ཡིན་པས། བྱིས་པའི་འཆར་སྒོར་མཚར་སྣང་མི་དམན་པ་སྟེར་བར་ངེས།

        བཞི་བ«ཁྱོད་སུ་ཡིན»ནི། ལོ་ཤས་སྔོན་ལ་བྲིས་པའི་རྟོག་བཏགས་ཀྱི་སྒྲུང་རྩོམ་ཞིག་ཡིན་ལ། འདི་ནི་ངའི་སྒྲུང་རྩོམ་གྱི་བསམ་བློ་དང་ཐབས་ལམ་ལ་འགྱུར་བ་བླ་ལྷག་ཐེབས་པའི་དཀྱོགས་མཚམས་ཤིག་ཏུ་ངེས་ཤིང་། ང་ལ་མཚོན་ན༡༩༩༠ཙམ་ལ་སྦྲང་ཆར་དུ་བཀོད་པའི«གནའ་བོའི་གྲོང་ཚོ་ཞིག་ན»ཞེས་པའི་སྒྲུང་རྩོམ་ཐོག་མ་དང་འདྲ་བར་གལ་ཆེ་བ་ཞིག་རེད། «ཁྱོད་སུ་ཡིན»ནི་དམངས་ཁྲོད་ཀྱི་རི་བོང་གི་གཏམ་རྒྱུད་ཅིག་གཞིར་བཟུང་བ་ཡིན་ཡང་། གཏམ་རྒྱུད་ཁྲོད་ཀྱི་རི་བོང་དང་། དྲེད་མོང་། འབྲོང་གསུམ་པོ་སྒྲོལ་ལྡན་ཞེས་པའི་མི་སྣ་གཙོ་བོའི་རང་སྟེང་དུ་གནས་པར་བརྗོད། མ་གཞིར་སྒྲུང་རྩོམ་ནི་མི་འབྲི་བྱེད་ཅིག་ཡིན་ལ། མིའི་སེམས་པ་ནི་ཀུན་གྱི་འབྱུང་ཁུངས་ཡིན་ཕྱིན། མི་འབྲི་ཚེ་མིའི་སེམས་པ་འབྲི་དགོས་པ་སྨོས་ཅི། ངས་སྒྲུང་གཏམ་འདིའི་ནང་སྒྲོལ་ལྡན་ཞེས་པའི་མི་སྣའི་སེམས་ཁམས་མངོན་སུམ་དུ་མཐོང་རྒྱུ་ཡོད་པའི་སྲོག་ཆགས་ཀྱི་སྣང་བརྙན་ལྟར་ལངས་གཟུགས་ཀྱིས་བྲིས་ཡོད་ལ། དེས་མི་ནི་གདུག་རྩུབ་དང་འཇམ་པོ། བཟང་པོ་དང་ངན་པ། ཚུལ་ལྡན་དང་ཉེས་ཅན་སོགས་རང་གཤིས་མང་པོ་མཉམ་དུ་འདུས་པའི་རང་བཞིན་ཅན་ཞིག་ཡིན་པ་མཚོན་པར་བྱས། འདི་ནི་སྲོལ་རྒྱུན་གྱི་སྒྲུང་གཏམ་དང་ཡེ་ནས་མི་འདྲ་བར་འགྱུར་ལྡོག་ཆེ་ཞིང་འཁྲུག་ཆ་དོད་པོའི་རང་བཞིན་ལྡན་ཕྱིན། ཀློག་པ་པོར་སྤྲོ་སྣང་ངེས་ཅན་འདྲེན་ཐུབ་པར་སྙམ།

        རེད་ཡ། ངས་སྒྲུང་རྩོམ་འདི་དག་ངོ་སྤྲོད་རགས་རིམ་ཞིག་བྱེད་དོན་དང་། རང་གི་བྲིས་རྩོམ་གྱི་མྱོང་བ་རགས་རིམ་ཞིག་སྨྲ་དོན་ནི། རང་རེར་མཚོན་ན་བྱིས་སྒྲུང་འབྲི་མཁན་ཉུང་བའི་སྟེང་ལ་བརྩམས་ཆོས་མོད་པོ་ཐོན་ཐབས་བྲལ་བ་དང་། དེ་འབྲི་འདུན་ཅན་ཡང་ཧ་ཅང་ཉུང་བས། རྒྱ་ཆེའི་ཀློག་པ་པོ་དང་སྤུན་ཟླ་ཚོས་རྒྱབ་རོགས་ཡོང་བའི་སྨོན་འདུན་ཞུས་པ་ཡིན་ལ། བྱིས་པའི་ཀློག་དེབ་མུ་མཐུད་དུ་ཇེ་ལེགས་ཇེ་རྒྱས་དང་པར་སྐྲུན་ཡོང་མིན་དེ་ཁྱེད་ཅག་བྱིས་སྒྲུང་དཔེ་དེབ་ཀློག་རྒྱུར་གོམས་སྲོལ་ཆགས་པར་ཡང་འབྲེལ་བ་དམ་པོ་ཡོད་པ་སྨོས་མ་དགོས་སོ། །