ཚོར་ལོག(过敏)བྱུང་བ་ནི་རིམས་འགོག་ནུས་པ་ཞན་པས་ཡིན་ནམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-09   རྩོམ་ཁུངས།    འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། 

        གཅིག ཚོར་ལོག་བྱུང་བ་ནི་རིམས་འགོག་ནུས་པ་ཞན་པས་ཡིན་ནམ།

        ཚོར་ལོག་ནི་དོན་དངོས་སུ་རིམས་འགོག་མ་ལག་གི་ཚུར་སྣང་ཚད་ལས་བརྒལ་བའི་སྣང་ཚུལ་ཞིག་ཡིན་པ་དང་། དེ་ནི་སྤྱིའི་རིམས་འགོག་ནུས་པའི་དྲག་ཞན་ལ་ཐད་ཀའི་འབྲེལ་བ་མེད། དེར་བརྟེན། ཚོར་ལོག་བྱུང་བ་ནི“རིམས་འགོག་ནུས་པ་མི་འདང་བ”མིན་ལ། “རིམས་འགོག་ནུས་པ་ཞན་པ”དེ་བས་ཀྱང་མིན།

        ཕྱིའི་དངོས་པོ་ལུས་པོར་འཛུལ་བ་ལ། རྒྱུན་ལྡན་གྱི་རིམས་འགོག་མ་ལག་ཅིག་ཡིན་ན། དེས་ལུས་པོའི་བདེ་ཐང་ལ་ཉེན་ཁ་བཟོ་བའི་སྐྱེ་དངོས་ཕྲ་རབ་དང་ནད་ཀྱི་འབྱུང་རྩ(病原体)ལ་རྒོལ་རྡུང་དང་སྐོར་བཅོམ་བྱེད་ཅིང་། གལ་ཏེ་རིམས་འགོག་མ་ལག་གི“ཤེས་པ་མི་གསལ་བ”དང་ཐ་ན“གྲོགས་པོ་དགྲ་རུ་འཛིན་པ”ཡི་གནད་དོན་བྱུང་ཚེ། ད་གཟོད་ལུས་པོར་ཉེན་ཁ་མེད་པའི་མེ་ཏོག་གི་ཟེའུ་རྡུལ་དང་ཟས་རིགས་སོགས་ལ་ཚད་ལས་བརྒལ་བའི་རྒོལ་རྡུང་གཏོང་བ་དང་། གོ་རིམ་འདིའི་ཁྲོད་དུ། ལུས་པོ་ལའང་རིམས་འགོག་རང་བཞིན་གྱི་གཉན་ཚད་རྒྱས་ཏེ་མིག་དམར་པོར་གྱུར་པ་དང་མིག་ལ་ཟ་འཕྲུག་ལངས་པ། ཧབ་ཆི་རྒྱག་པ། སྣ་ཆུ་འཛག་པ། གློ་ལུ་བ་སོགས་ཀྱི་ནད་རྟགས་འབྱུང་།

        ཚོར་ལོག་བྱུང་བ་ནི“རིམས་འགོག་ནུས་པ་ཞན་པས”མིན་སྟབས། རིམས་འགོག་ནུས་པ་ཇེ་མཐོར་བཏང་སྟེ་ཚོར་ལོག་གི་གནད་དོན་འདི་བཟློག་རྒྱུ་ཟེར་ན། གོ་ཅི་ཡང་མི་ཆོད།

        གཉིས། མེ་ཏོག་གི་ཟེའུ་རྡུལ(花粉)ལ་ཚོར་ལོག་འབྱུང་ཚད་མཐོ་བའི་དུས་ཚིགས་སུ། ཚོར་ལོག་འབྱུང་སླ་བའི་མི་དག་ནམ་ཞིག་ལ་སྒོ་ཕྱིར་སོང་ན་འོས་སམ།

        ཉིན་གཅིག་གི་ནང་ལ། མེ་ཏོག་གི་ཟེའུ་རྡུལ་འཐིབ་ཚད་ཆེས་ཆེ་བའི་དུས་ནི་ཉིན་གུང་གི་རྗེས་དང་ཞོགས་པའི་སྐབས་ཡིན། གལ་ཏེ། ཕྱི་རོལ་ལ་ངེས་པར་དུ་འགྲོ་དགོས་ན། མེ་ཏོག་གི་ཟེའུ་རྡུལ་ཆེས་ཉུང་བའི་དུས་ཏེ་དགོང་མོའམ་ཡང་ན་ཆར་བ་ཟིམ་བུ་ཞིག་བབས་རྗེས་སོང་ན་བཟང་བ་ཡིན།

        མཉམ་འཇོག་བྱ་དགོས་པ་ཞིག་ལ། ཐོག་ཆར་གནམ་གཤིས་ཀྱི་སྐབས། མེ་ཏོག་གི་ཟེའུ་རྡུལ་ནི་ཚོར་སྐྱེད་རང་བཞིན་སྔར་ལས་ཆེ་བའི་རྡོག་པོ་ཆུང་ངུ་ལ་འགྱུར་སྲིད་པས། ཐོག་ཆར་གནམ་གཤིས་ཀྱི་སྔ་རྗེས་ལ། ཕྱི་རོལ་དུ་སོང་ནས་འགུལ་སྐྱོད་སོགས་བྱེད་མི་རུང་།

        གསུམ། སྦྲུམ་མ་མེ་ཏོག་གི་ཟེའུ་རྡུལ་ལ་ཚོར་ལོག་བྱུང་ན། དེའི་ཕྲུ་གུ་ཡང་མེ་ཏོག་གི་ཟེའུ་རྡུལ་ལ་ཚོར་ལོག་འབྱུང་ངམ།

        ཟེའུ་རྡུལ་གྱི་ནད་པ་ནི་ཚོར་ལོག་རང་བཞིན་གྱི་ནད་པར་གཏོགས་པ་དང་། ཚོར་ལོག་རང་བཞིན་གྱི་ནད་རིགས་ལ་རྒྱུད་འཛིན་རང་བཞིན་ངེས་ཅན་ཞིག་ཡོད། ཕ་མ་གཉིས་ཀ་ཚོར་ལོག་ནད་པ་ཡིན་ན། ཕྲུ་གུ་ལའང་ཚོར་ལོག་འབྱུང་བའི་ཚད་མཐོ་བ་ཡིན། འོན་ཀྱང་། ཚོར་ལོག་ངོ་མ་ནི་འཚར་ལོངས་བྱུང་སྐབས་ཡང་དང་བསྐྱར་དུ་ཐུག་རེག་བྱས་ན། ད་གཟོད་འབྱུང་བ་ཡིན།

        དུས་མཚུངས་སུ། ཚོར་ལོག་རང་བཞིན་གྱི་ནད་པ་ཡིན་ན། དངོས་པོ་གཅིག་ལ་ཚོར་ལོག་འབྱུང་ཞེས་བཤད་དཀའ་བར་མ་ཟད། ད་དུང་འཕྲལ་མར་ནད་འབྱུང་ཞེས་ཀྱང་བཤད་དཀའ། ཡིན་ནའང། གལ་ཏེ་ནད་ཐེངས་གཅིག་ལ་བྱུང་ན། རྗེས་མར་ཡང་ནས་ཡང་དུ་འབྱུང་སླ་སྟབས། ཧུར་ཐག་ངང་སྨན་བཅོས་བྱ་དགོས།