ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས།

(2024ལོའི་ཟླ་1པོའི་ཚེས་8ཉིན་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་གྲོས་འཆམ་བྱུང་བ།)

图片

        ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དེ་2024ལོའི་ཟླ1པོའི་ཚེས་8ཉིན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འཚོགས་པ་རེད།


        ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་གྲས་སུ་ཁུལ་ཨུའི་ཨུ་ཡོན་31དང་རྗེས་སྣོན་ཨུ་ཡོན་8ཡོད།ཁུལ་སྒྲིག་ཨུའི་ཨུ་ཡོན་དང་ཁུལ་ལྟ་སྐུལ་ཨུ་ལྷན་གྱི་ཨུ་ཡོན། འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་དང་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་གཞི་རིམ་གྱི་འཐུས་མི་ཁག་གཅིག་ཚོགས་འདུར་ཟུར་ཞུགས་གནང་བ་རེད།

图片


        ཚང་འཛོམས་གྲོས་ཚོགས་ནི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་གནང་བ།ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་གསུང་བཤད་གནང་བ།


图片

        ཚང་འཛོམས་གྲོས་ཚོགས་ཐོག་ལུའོ་ཁྲའོ་ཧྥེང་གིས་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་མངགས་བཅོལ་ལྟར་གནང་བའི་ལས་དོན་སྙན་སྒྲོན་གསན་པ་དང་གྲོས་བསྡུར་གནང་བ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་དཔལ་འབྱོར་ལས་དོན་བཀོད་སྒྲིག་གནང་བ། བདེ་ཆེན་ཁུལ་གྱི་2023ལོའི་ཏང་འཛུགས་སྐྱོང་ལས་དོན་གྱི་ཆེད་དོན་སྙན་ཞུ་དང་། ཀྲུང་གུང་བདེ་ཆེན་ཁུལ་ཨུའི་2023་ལོར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ཚུལ་གྱི་སྙན་ཞུ། བདེ་ཆེན་ཁུལ་གྱི་2023་ལོའི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་བཅས་ལ་གསན་པ་དང་གྲོས་བསྡུར་གནང་བ་རེད།


        ཚང་འཛོམས་གྲོས་ཚོགས་ཐོག་ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཚུན་གྱི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཨུའི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཞིང་ཨུའི“3815”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ཏེ་བརྟན་ལྷིང་ལ་བརྟེན་ནས་འཕེལ་རྒྱས་འགན་ལེན་བྱེད་པ་དང་འཕེལ་རྒྱས་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་དང་རྒྱལ་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་གཏོད་པའི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ཡོད་དེ། གཅིག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་བྱ་གཙོ་བོའི་སློབ་གསོ་ཏན་ཏིག་གིས་སྤེལ་བ། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པ་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་བ། གཉིས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཡུན་ནན་དང་སི་ཁྲོན་འབྲེལ་མཚམས་ས་ཁུལ་གྱི་ཉེ་བའི་ལོ་བརྒྱའི་རིང་གི་ཐོན་ཁུངས་བེད་སྤྱོད་ཀྱི་རྩོད་གཞི་འདུམ་འགྲིག་ཐག་གཅོད་བྱས་པས་སྤྱི་ཚོགས་ཁྱོན་ཡོངས་སྔར་བས་བརྟན་ལྷིང་དང་ལེགས་ཕྱོགས་སུ་འཕེལ་བ། གསུམ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་གཏིང་ཟབ་བྱས་ཏེ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་བདེ་ཆེན་གྱི་ལག་ལེན་གཏིང་ཟབ་ཏུ་བཏང་བས་མི་རིགས་ཆོས་ལུགས་ལས་དོན་དེ་བས་ཏན་ཏིག་དང་ནུས་ལྡན་བྱུང་བ། བཞི་ནས་ཚོང་འགུགས་མ་འདྲེན་དང་ཁྲོམ་རའི་གཙོ་གཟུགས་ལ་དམ་འཛིན་ཤུགས་ཆེན་བྱས་ཏེ་ཡུན་བོད་ལྕགས་ལམ་གྱི་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལམ་དུམ་ཤར་གཏོང་ལས་གཉེར་བྱས་པ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་མགྱོགས་སུ་ཕྱིན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་དེ་བས་བརྟན་དུ་ཕྱིན་པ། ལྔ་ནས་གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཞིང་པའི་ཡོང་འབབ་རྒྱུན་མཐུད་ངང་འཕར་རྒྱུར་སྐུལ་འདེད་བཏང་བ། སློབ་གསོ་དང་སྨན་བཅོས་ལས་ཞུགས་སོགས་དམངས་འཚོའི་བྱ་གཞག་གི་ཞན་ཆ་གསབ་རྒྱུ་མགྱོགས་སུ་བཏང་བས་མང་ཚོགས་ཀྱི་ཐོབ་ཚོར་དེ་བས་དོན་དངོས་དང་མཐུན་པ། དྲུག་ནས་གནམ་སྔོན་པོ་དང་ཆུ་དྭངས་མོ། ས་གཙང་མ། རི་སྔོན་པོ་ཡི་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་བརྒྱབ་ནས་ཡུན་ནན་ནུབ་བྱང་གི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་དེ་བས་སྲ་བརྟན་དུ་གཏོང་བ། བདུན་ནས་“རྨང་གཞི་བརྟན་གཏོང་”གི་འདུ་འགོད་ལག་བསྟར་བྱེད་འགོ་བཙུགས་ཏེ་“སྤྱོད་གཙང་བདེ་ཆེན་”འཛུགས་སྐྲུན་དང་“བྱ་སྤྱོད་ཆེན་པོ་བཅུ་”གཏིང་ཟབ་སྤེལ་ནས་སྤྱོད་ཚུལ་གསར་བརྗེ་དང་ནུས་ཕྱོད་གསར་བརྗེ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་བས་ཏང་གི་སྲིད་སྐྱོང་རྨང་གཞི་དེ་བས་བརྟན་དུ་ཕྱིན་པ།


        ཚང་འཛོམས་གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན། མིག་སྔར་བདེ་ཆེན་གྱི་འཕེལ་རྒྱས་དེ་སྲིད་ཇུས་རྩེག་སྣོན་གྱི་གོ་སྐབས་དུས་སྐབས་དང་། ཡུན་རིང་བདེ་འཁོད་ཀྱི་སྐུལ་འདེད་དུས་སྐབས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལུགས་སྒྱུར་དུས་སྐབས་བཅས་སུ་གནས་ཡོད། གོ་སྐབས་ཀྱི་འདུ་ཤེས་ཆེ་རུ་གཏོང་བ་དང་། དཀའ་ཉེན་རྟག་དྲན་གྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ། མ་མཐའི་མཚམས་ཐིག་གི་བསམ་གཞིགས་བརྟན་པོ་འཛུགས་པ། འགག་སྒྲོལ་དཀའ་སེལ་བྱེད་ཕོད་པ། གནོན་ཤུགས་སྒུལ་ཤུགས་སུ་བསྒྱུར་བ་བཅས་བྱས་ཏེ་སྙིང་སྟོབས་ཆེར་བསྐྱེད་ཀྱིས་ཡར་རྒྱས་བརྩོན་ལེན་བྱེད་པའི་བསམ་ཚུལ་དང་“ཤི་གསོན་ཐག་གཅོད་ཀྱི་དམག་འཐབ”གི་ཆོད་སེམས་ལ་བརྟེན་ནས་ལས་དོན་ཁག་ལེགས་པར་བསྒྲུབ་དགོས།


        ཚང་འཛོམས་གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཡིན་ལ།  “3815”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་ཚད་“ལོ་གསུམ་སྐས་རིམ་དུ་སླེབས་པའི་”འགག་རྩའི་ལོ་ཞིག་ཡིན།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་ལ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ལྔ་པ། ཞིང་ཆེན་ཏང་ཨུའི་དཔལ་འབྱོར་ལས་དོན་གྲོས་ཚོགས་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས།  ཞིང་ཨུའི་“3815”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་ཚད་དང་“མ་མཐའི་མཚམས་ཐིག་སྲུང་བ་དང་། འདེགས་སྐྱོར་བརྟན་པོ། སྒུལ་ཤུགས་འཕར་སྣོན། སྐས་རིམ་འཛེགས་པ་”བཅས་ཀྱི་དཔལ་འབྱོར་ལས་ཀའི་བླང་བྱར་རྩེ་གཅིག་ཏུ་དམིགས་ནས་“འབྲེལ་བ་ཆེན་པོ་གཉིས་”གཅིག་གྱུར་འཆར་འགོད་དང་། “གཡུལ་འགྱེད་ཆེན་པོ་གཉིས་”ཡག་པོ་རྒྱག་པ། “ལས་གྲྭ་ཆེན་པོ་གཉིས་”ལ་སྐུལ་འདེད་གཏོང་བ། “བྱེད་ཐབས་ཆེན་པོ་གཉིས་”ལག་བསྟར་བྱེད་པ། “རྩོམ་ཡིག་གཉིས་”ཡག་པོ་འབྲི་བ། “མ་མཐའི་མཚམས་ཐིག་གཉིས་”བརྟན་པོ་སྲུང་བ། “འགག་རྩ་གཉིས་”དམ་འཛིན་ཏན་ཏིག་བྱེད་པ། “ཆེད་དམིགས་རྣམ་གྲངས་གཉིས་”ཟབ་སྤེལ་བྱེད་པ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་བརྟན་ལྷིང་བཅས་“དོན་ཆེན་བཞི་”དམ་འཛིན་ཡག་པོ་བྱེད་དགོས་པ་དང་།  ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱེད་དེ་མཐུན་སྒྲིལ་འབྱོར་ཕྱུག་ཤེས་དཔལ་ཞི་མཐུན་མཛེས་སྡུག་དུས་བདེ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བདེ་ཆེན་གསར་པ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས།


        ཚང་འཛོམས་གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན།  བདེ་ཆེན་གྱི་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་ནི་བརྟན་ལྷིང་དང་འཕེལ་རྒྱས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་བརྟན་ལྷིང་ལ་བརྟེན་ནས་འཕེལ་རྒྱས་འགན་ལེན་བྱེད་པ་དང་འཕེལ་རྒྱས་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་མཉམ་འགུལ་བཟང་པོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།  སྔོན་འགོག་དང་ཐག་གཅོད་བཅས་“གཡུལ་འགྱེད་གཉིས”མཐའ་གཅིག་ཏུ་ཡག་པོ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་བདེ་ཆེན་ལག་ལེན་གཏིང་ཟབ་ཏུ་བཏང་ནས་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱས་ཏེ་བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས།  “སེམས་རྣལ་དུ་ཕབ་པའི་”འདུ་འགོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་རྩ་འཛུགས་སྟོབས་ཤུགས་ཆེ་རུ་གཏོང་བ་དང་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་བྱ་རྒྱུ་གཙོ་གནད་དུ་བྱེད་པའི་“རྨང་གཞི་བརྟན་དུ་གཏོང་བའི་”འདུ་འགོད་ལ་སྐུལ་འདེད་བཏང་ནས་མི་སེམས་གཅིག་སྒྲིལ་དང་རྨང་གཞི་བརྟན་དུ་གཏོང་བའི་ལས་དོན་དེ་བས་ཏན་ཏིག་སྒྲུབ་དགོས།


        ཚང་འཛོམས་གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན།  ཡིད་ཆེས་བརྟན་དུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་གཏོང་དགོས། ཀྲུང་དབྱང་གི་“སྤྲོད་པ་གསུམ་དང་ཕན་པ་གཅིག་”གི་འཕེལ་རྒྱས་རྩ་དོན་དོན་འཁྱོལ་ནན་ཏན་བྱས་ཏེ་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་བྱེད་པ་དང་། “དམ་འཛིན་ཆེན་པོ་དྲུག་”ལས་ཀའི་བླང་བྱར་བྱེད་པ་དང་ལོ་གསུམ་གྱི་བྱ་སྤྱོད་རབ་དང་རིམ་པ་ཞིབ་ཕྲའི་དམ་འཛིན་བྱ་གཞིར་བྱེད་པ། “གསར་བརྗེ་གཉིས་”ལ་བརྟེན་ནས་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ་དཔལ་འབྱོར་བསྐྱར་འཕར་གྱི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་ཆེ་རུ་གཏོང་དགོས།  ཕྱི་འདྲེན་དང་ནང་འཕེལ་གྱི་“བྱ་ཐབས་ཆེན་པོ་གཉིས་”ལག་བསྟར་བྱས་ཏེ་རིག་གནས་ཡུལ་སྐོར་དང་། ས་མཐོའི་ཁྱད་ལྡན་ཞིང་ལས། ལྗང་མདོག་ནུས་ཁུངས། ལྗང་མདོག་གཏེར་ལས་བཅས་ཐོན་ལས་ཆེན་པོ་བཞི་འཕེལ་རྒྱས་གཏོང་བར་སྐུལ་འདེད་གང་མགྱོགས་གཏོང་བ་དང་། གླིང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་གང་མགྱོགས་གཏོང་བ། དེང་རབས་ཀྱི་དངོས་ཟོག་སྐྱེལ་འདྲེན་ལས་རིགས་གསོ་སྐྱོང་དང་འཕེལ་རྒྱས་གཏོང་བ་བཅས་བྱ་དགོས། ཞིང་པའི་ཡོང་འབབ་འཕར་སྣོན་དང་དམངས་འཚོ་ལེགས་བཅོས་ཀྱི་“རྩོམ་ཡིག་གཉིས་”ཡག་པོ་འབྲི་བ་དང་། ཐབས་བརྒྱ་ཇུས་སྟོང་གིས་ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བ། ལས་ཞུགས་སྔོན་ལ་འཇོག་པའི་ཁྲིད་ཕྱོགས་སྔར་ལས་འབུར་ཐོན་ཡོང་བ་བྱེད་པ།  མི་དམངས་ཀྱི་བློ་ལ་བབ་པའི་སློབ་གསོ་ཡག་པོ་གཉེར་གང་ཐུབ་བྱེད་པ། འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གང་མགྱོགས་གཏོང་བ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཞན་ཆ་གསབ་པ། མི་སྲོག་ཤིང་དུ་གྱུར་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་ལ་སྔར་ལས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་དུ་འཇུག་དགོས།  སྣོད་བཅུད་དང་བདེ་འཇགས་ཀྱི་“མཐའ་ཚད་གཉིས་”བརྟན་པོ་སྲུང་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་“གསོག་ཚད་ཉུང་གཏོང་”དང་“སྤུས་ཚད་མཐོ་རུ་གཏོང་བའི་”ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་རྒྱུན་མཐུད་དང་ནུས་ལྡན་ངང་སྔོན་འགོག་དང་སེལ་དགོས།


        ཚང་འཛོམས་གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན། ཕྱོགས་ཡོངས་ནས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཆབ་སྲིད་འཛུགས་སྐྱོང་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི་“འགག་རྩ་གཉིས་”དམ་འཛིན་ཏན་ཏིག་བྱེད་པ་དང་།  སྤྱོད་ཚུལ་གསར་བརྗེ་དང་ཕན་ནུས་གསར་བརྗེ། “སྤྱོད་གཙང་བདེ་ཆེན་”འཛུགས་སྐྲུན་བཅས་ཀྱི་“ཆེད་དམིགས་རྣམ་གྲངས་གཉིས་”ཟབ་སྤེལ་བྱེད་དགོས། ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་སེམས་ནུས་གཅིག་སྒྲིལ་དང་བླ་སྲོག་གཏོད་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་།  ཐོག་མཐའ་བར་གསུམ་དུ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བདེ་ཆེན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས།


        ཚང་འཛོམས་གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་ཡིས་སྣེ་ཁྲིད་དེ་“གཞི་རིམ་དུ་སྐྱོད་པ་བཞིའི་”སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། ཆབ་སྲིད་ཀྱི་ནུས་པ་དང་། བསམ་གཞིགས་ཀྱི་ནུས་པ། ལག་ལེན་གྱི་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་སྟེ་“ཨར་ལས་རུ་དཔོན་”ཡག་པོ་བྱེད་པ། ཆད་ལུས་མེད་པར་དོན་འཁྱོལ་དམ་འཛིན་དང་ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི་སྒོ་ནས་དོན་འཁྱོལ་དམ་འཛིན།  བདེན་འཚོལ་དོན་གཉེར་གྱིས་དོན་འཁྱོལ་དམ་འཛིན། སྒྲུབ་ཕོད་པ་དང་ལེགས་སྒྲུབ་དོན་འཁྱོལ་དམ་འཛིན་བཅས་བྱ་དགོས། ཞིང་ཆེན་ཡོངས་སུ་“རྣམ་གྲངས་རྐྱང་པའི་ཨང་དང་པོ་”ལེན་པའི་ཡིད་ཆེས་དང་བློ་སྟོབས་ཡོད་དགོས་པ་དང་། རྗེས་སུ་ལུས་འདོད་མེད་པར་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་དང་། རང་འགུལ་གྱིས་འགྱུར་ལྡོག་ལ་བསམ་བློ་བཏང་ནས་འགྱུར་ལྡོག་དོན་གཉེར་བྱས་ཏེ་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས།


        ཚང་འཛོམས་གྲོས་ཚོགས་ཐོག་ཁུལ་ཡོངས་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་དགོས་པ་དང་། ཞིང་ཨུའི་ནུས་ལྡན་འགོ་ཁྲིད་འོག་དཀའ་ངལ་ལ་མི་འཛེམ་པར་མདུན་སྐྱོད་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ་མཐུན་སྒྲིལ་འབྱོར་ཕྱུག་ཤེས་དཔལ་ཞི་མཐུན་མཛེས་སྡུག་དུས་བདེ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བདེ་ཆེན་གསར་པ་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད།