《བོད་རྒྱ་ཤན་སྦྱར་ནང་བསྟན་ཚིག་མཛོད》པར་སྐྲུན་འགྲེམ་སྤེལ་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-11   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར།

        ཟླ1པའི་ཚེས10ཉིན་གྱི་སྔ་དྲོར། ཨ་དཀོན་ནམ་ཐུབ་བསྟན་དཀོན་མཆོག་རྒྱལ་མཚན་གྱིས་སྒྲིག་རྩོམ་བྱས་ཤིང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས་པའི《བོད་རྒྱ་ཤན་སྦྱར་ནང་བསྟན་ཚིག་མཛོད》ཀྱི་འགྲེམ་སྤེལ་མཛད་སྒོ་ཟི་ལིང་སོའུ་ཧྥེ་ཐི་མགྲོན་མཁར་ཆེན་མོ་རུ་སྤེལ། དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་དང་ཁྱུང་ཕྲུག་བློ་བཟང་དར་རྒྱས། རྭ་རྒྱ་འཇིགས་མེད་རྒྱལ་མཚན། གངས་ཞུན་སོགས་འགྲེམ་སྤེལ་མཛད་སྒོར་ཞུགས།

        ཚིག་མཛོད་འདིའི་ནང་མདོ་དང་སྔགས། རྣམ་ཐར་དང་ཞལ་འདོན། བསྐང་བཤགས་དང་བསྔོ་སྨོན། མཆོད་ཆས་སྣ་ཚོགས་ཀྱི་མིང་། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་སོགས་བཀོད་ཡོད་ལ། མིང་ཚིག་གི་ཁྱབ་ཁོངས་ཅུང་རྒྱ་ཆེ་ཞིང་སྣ་མང་ཡིན་ལ། སྔགས་ཀྱི་ཐ་སྙད་ཀྱང་མི་ཉུང་བ་ཞིག་བཀོད་ཡོད་དེ། ནང་བསྟན་རྒྱུན་བཀོལ་གྱི་མིང་ཚིག་དང་ཉེར་མཁོའི་མིང་ཚིག་ཅུང་མང་ཞིང་ཁྱོན་སྡོམ་མིང་ཚིག21800ལྷག་འདུས་ཡོད།

མཇུག་བྱང་།

        བོད་རྒྱ་ཤན་སྦྱར་ནང་བསྟན་ཚིག་མཛོད་འདི་ཉིད་ནི་ཕྲན་གྱིས་མི་ལོ་བཅུ་ཕྲག་གཅིག་གི་དུས་ཚོད་སྤྱད་ནས་བསྒྲིགས་པ་ཞིག་ཡིན། ཚིག་མཛོད་འདིའི་ཐ་སྙད་དག་ནི་གཙོ་བོ་ནང་བསྟན་བོད་རྒྱ་འགྱུར་མའི་གཞུང་ཆེན་དག་དང་། རྒྱ་བོད་ཤན་སྦྱར་ཞལ་འདོན་གྱི་སྐོར་དག་བཀླགས་ཏེ་མིང་ཚིག་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པའི་གཞི་རྩའི་སྟེང་།  བོད་རྒྱ་ཤན་སྦྱར་བཀའ་འགྱུར་དཀར་ཆགས་སོགས་སྔར་ཡོད་ཚིག་མཛོད་དག་ལས་ཀྱང་རྒྱུན་བཀོལ་གྱི་མིང་ཚིག་དང་ཉེར་མཁོའི་མིང་ཚིག་དག་ཁ་སྣོན་བགྱིས་ཤིང་ཕྱོགས་སྒྲིག་བྱས་ཏེ་ལེགས་པར་གྲུབ་པ་ཞིག་ཡིན།   

        ཚིག་མཛོད་འདིའི་མིང་ཚིག་དག་གི་ཡོངས་ཁུངས་ནི་བོད་རྒྱ་འགྱུར་ཡིག་གི་གཞུང་ཚད་ལྡན་དག་ལས་སྡུད་སྒྲིག་བྱས་པས་ན། སྒྲིག་པོ་པོ་རང་ཉིད་ཀྱིས་གསར་བསྒྱུར་བྱས་པ་ནི་ཧ་ཅང་ཉུང་ཞིང་རེ་ཟུང་ལས་མེད། དཔེར་ན། ཨྱོན་རྣམ་ཐར་མུ་ཏིག་ཕྲེང་རྒྱན་ལྟ་བུའི་རྣམ་ཐར་འདི་ནི་ཕྲན་གྱིས་རྒྱ་ཡིག་ཏུ་བསྒྱུར་པ་ཞིག་ཡིན་པས། རྣམ་ཐར་འདིའི་ཁ་བྱང་ལྟ་བུ་ཉུང་ཉུང་མ་གཏོགས་མེད། ཕལ་ཆེ་བ་རྒྱ་བོད་འགྱུར་གཞུང་དག་ལས་བཏུས་པ་ཡིན་ཏེ། དཔེར་ན། མཁས་འཇུག  སྤྱོད་འཇུག་ཆེན་མོ།  ལམ་རིམ་ཆེན་མོ། ཀུན་བཟང་བླ་མའི་ཞལ་ལུང་། བྱང་ཆུབ་སེམས་ཁྲིད་མན་ངག་བདུད་རྩིའི་སྙིང་པོ།  བྱང་ཆུབ་སེམས་ཁྲིད་ཀྱི་ཟུར་འདེབས་རིན་ཆེན་ལྡེའུ་མིག  བྱང་ཆུབ་སེམས་ཁྲིད་མན་ངག་བདུད་རྩིའི་སྙིང་པོའི་ཉིང་བཅུད་རིན་ཆེན་ཟེགས་མ། བདེ་སྨོན་འགྲེལ་པ།  མངོན་པ་མཛོད།  དབུ་མ་ཚིག་གསལ།  དབུ་མ་རྒྱན།  མངོན་རྟོགས་རྒྱན། སྡོམ་གསུམ་ངོ་བོ་གཅིག་སྒྲུབ། ཚད་མ་རིག་གཏེར་གྱི་མཆན་འགྲེལ།  ལས་བརྒྱ་པ།  དབུ་མ་རྩ་བའི་མཆན་འགྲེལ།  ཉེ་བའི་སྲས་ཆེན་བརྒྱད་ཀྱི་རྟོགས་བརྗོད། བདུད་འཇོམས་ཆོས་འབྱུང་།   སྡོམ་གསུམ།  ཀཱ་རི་ཀཱའི་འགྲེལ་པ། བླ་མ་ལྔ་བཅུ་པའི་འགྲེལ་པ། བཤེས་སྤྲིང་གི་འགྲེལ་པ། དོན་རྣམ་ངེས་ཀྱི་འགྲེལ་པ།  བར་དོ་དྲུག་ཁྲིད།  སེམས་ཉིད་ངལ་གསོ།  མན་ངག་མཛོད། གསང་འགྲེལ་ཕྱོགས་བཅུའི་མུན་སེལ། བླ་མ་ཡང་ཏིག་ཡིད་བཞིན་ནོར་བུ། ཁྲེགས་ཆོད་གནད་ཀྱི་གདམས་པའི་སྐོར། བོད་རྒྱ་ཤན་སྦྱར་གྱི་བླ་རུང་ཞལ་འདོན་ཕྱོགས་བསྒྲིགས། བོད་རྒྱ་ཤན་སྦྱར་གྱི་རྒྱུན་གྱི་ཞལ་འདོན།  བོད་རྒྱ་ཤན་སྦྱར་གྱི་བསྐང་བཤགས། སྔོན་འགྲོའི་ངག་འདོན་ཐར་ལམ་རབ་གསལ། ཀུན་མཁྱེན་མི་ཕམ་རྒྱ་མཚོའི་སྒྲུབ་ཐབས། ཨྱོན་རྣམ་ཐར་མུ་ཏིག་ཕྲེང་རྒྱན།  ཀུན་མཁྱེན་ཀློང་མཁྱེན་པའི་རྣམ་ཐར། མི་ཕམ་རིན་པོ་ཆེའི་རྣམ་ཐར་སོགས་ལས་སྡུད་སྒྲིག་བྱས་པ་ཡིན་ནོ། །

        དེས་ན་རྒྱ་བོད་རིག་གནས་མཉམ་བསྲེས་དང་མཉམ་སྤྱོད་ཀྱི་གནས་སྣང་ཡོངས་ཁྱབ་ཏུ་མངོན་པའི་དེང་གི་དུས་འདིར།  ནང་བསྟན་རིག་གཞུང་ལ་ཞིབ་འཇུག་དང་སློབ་སྦྱོང་བྱེད་པའི་རྒྱ་བོད་མཁས་པ་ཧ་ཅང་མང་ཞིང་།  ཞིབ་འཇུག་གི་དོན་འབྲས་ཀྱང་ཕུན་སུམ་ཚོགས་པ་ལེན་བཞིན་པའི་སྒང་འདིར་བོད་རྒྱ་སྐད་གཉིས་ཤན་སྦྱར་གྱི་ནང་བསྟན་ཚིག་མཛོད་འདི་ཡང་རྒྱ་ཆེའི་ནང་བསྟན་ཞིབ་འཇུག་པ་དང་ནང་བསྟན་སྐད་གཉིས་སྨྲ་བ་དག་ལ་རིག་གཞུང་ཉམས་ཞིབ་དང་དར་སྤེལ་བྱེད་པའི་མཐུན་རྐྱེན་དུ་འགྱུར་བར་དམིགས་ཏེ་ཕུལ་བའོ། །

བསྟན་པ་འདི་ནི་འཛམ་གླིང་སྤྱི་ཡི་ནོར། །

སེམས་ཅན་ཡོངས་ལ་ཕན་བདེ་སྩོལ་བའི་མ། །

རང་གི་ནུས་པས་སྲི་ཞུ་ཅུང་བགྱིས་པ། །

བསྟན་འགྲོའི་ལེགས་ཚོགས་སྨིན་པའི་རྒྱུར་གྱུར་ཅིག །

ཞེས་སྤྱི་ལོ2023ལོའི་ཟླ10པའི་ཚེས30ཉིན་ཨ་དཀོན་ནམ་ཐུབ་བསྟན་དཀོན་མཆོག་རྒྱལ་མཚན་གྱིས་གནའ་མཁར་ཟི་ལིང་གི་རང་ཁྱིམ་དུ་བྲིས་པ་དགེའོ།