བདེ་ཐང་ནི་ཡོད་ཚད་ཀྱི་ཡོད་ཚད་དང་སྙིང་པོའི་ནང་གི་སྙིང་པོ་ཡིན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-22   རྩོམ་ཁུངས།    西藏日报藏文媒体

༄ བདེ་ཐང་དང་འབྲེལ་བའི་སྙིང་གཏམ།
        གནའ་མིའི་གཏམ་དཔེར། བཟས་ཚད་རྒྱན་དང་བཤད་ཚད་གཏམ་མིན་ཞེས་དང་། ཟས་མང་པོ་བཟས་ན་རྒྱུ་མ་འཁྲུགས། གཏམ་མང་པོ་བཤད་ན་ཆ་འཇོག་དཀོན་ཞེས་གྲགས་པས། ལང་ཤོར་གཅེས་ཕྲུག་ལྟ་བུའི་ལུས་ལ་རྟག་པར་རྒྱ་ཟས་ལེའུ་བཅོ་བརྒྱད་ཕུལ་དྲགས་ན། མཆིན་པའི་མདོག་འགྱུར། གློ་བའི་དབུགས་ལམ་འགག ཕོ་བས་མིག་ཆུ་བཞུར་ནས་ལུས་སེམས་གཉིས་ཀར་ཅི་བྱ་གཏོལ་མེད་ཀྱི་གནས་སུ་གྱར་བའི་གནས་ཚུལ་མང་དག་ཅིག་འཕྲད་སྲིད་པས། དུས་རྟག་ཏུ་འདུས་བྱས་ཀྱི་ཕུང་པོར་གཅེས་འཛིན་ཆེན་པོ་དང་། དེའི་རིན་ཐང་རྟོགས་པར་བྱེད་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བའི་གནད་དོན་ཞིག་རེད།
        བདེ་ཐང་ནི་ཚེ་སྲོག་གི་འབྱུང་རྩ་དང་། བདེ་སྐྱིད་ཀྱི་རྒྱལ་མཚན། མི་ཚེ་ཡི་སྙིང་པོ་ལྟ་བུ་ཡིན་པས། ཁྱེད་ལ་རྒྱུ་དངོས་པོ་དང་། ཐོབ་གོ་ས། མཚན་སྙན་གྲགས་སོགས་གང་ལ་ཡང་ཐོགས་པ་མེད་རུང་། ལུས་སེམས་གཉིས་ལ་བདེ་བ་ཅུང་ཙམ་ཞིག་མེད་ཚེ་དེ་ཚོ་ཚང་མ་རྨི་ལམ་དང་། འཇའ་ཚོན། ཐ་ན་ཆུ་ལྦུར་ལྟ་བུ་ལས་མ་འདས་པས་སྙིང་པོ་ཅི་ཞིག་མཆིས།
        སྤུན་གྲོགས་ཚོ། གལ་ཏེ་མི་ཞིག་ལ་ངར་ལྕགས་ལྟ་བུའི་གཟུགས་ཕུང་ཞིག་དང་མེ་ལྕེ་ལྟ་བུའི་སྙིང་སྟོབས་ཤིག་མེད་ཚེ། དེས་རང་གཞན་གཉིས་ལ་ཕན་པའི་བྱ་བ་རྒྱ་ཆེན་པོ་ཞིག་འགྲུབ་ཐུབ་བམ། རང་གི་འགྱུར་མེད་ཀྱི་ཕུགས་འདུན་དེ་སྤྲིན་མེད་མཁའ་ལ་ཉི་ཟེར་འཕྲོས་པ་བཞིན་མངོན་འགྱུར་ཐུབ་བམ། དེ་ནི་ཧ་ཅང་ཁག་པོ་རེད། གང་ལགས་ཤེ་ན། ང་ཚོས་བྱ་བ་མཐའ་དག་ལམ་དུ་ལྷོངས་བ་དང་། འཚོ་བ་བདེ་ཞིང་སྐྱིད་པ་ཞིག་སྐྱེལ་འདོད་ན། ངེས་པར་དུ་ལུས་པོ་དེ་སྲ་ཞིང་བརྟན་པ་རི་རྒྱལ་ལྷུན་པོ་འདྲ་བ་ཞིག་དང་། བདེ་ཞིང་ཐང་བ་སྟག་རྒོད་ཀྱི་ལུས་སྟོབས་ལྟ་བུ་ཞིག་ཡོད་དགོས། དེ་ལྟར་བྱུང་ན་ད་གཟོད་ང་ཚོས་རང་གཞན་གཉིས་ལ་བདེ་སྐྱིད་ཀྱི་འོད་སྣང་སྦྱིན་ཐུབ་ལ། མི་ཚེར་དོན་སྙིང་ལྡན་པའི་བྱ་བ་མང་དག་ཅིག་འགྲུབ་ཐུབ་ངེས་རེད།
        ང་ཚོས་རྙེད་དཀའ་འཇིག་སླའི་ཚེ་སྲོག་ཕྲ་མོ་དེར་དུས་རྟག་ཏུ་གཅེས་འཛིན་བྱས་ཏེ། ཚེ་འདིར་ཐོབ་པའི་དལ་རྟེན་བཟང་པོ་སྤྱད་ནས་གཞན་དོན་ཅུང་ཟད་བསྒྲུབ་ཐུབ་ན་དེ་ནི་ཅི་འདྲའི་བདེ་སྐྱིད་ལྡན་པ་ཞིག་དང་ཅི་འདྲའི་རླབས་ཆེ་བ་ཞིག ཅི་འདྲའི་དོན་སྙིང་ལྡན་པ་ཞིག་མ་ཡིན་ནམ།
        སྤུན་གྲོགས་ཚོ། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཟས་སྤྱོད་ལ་དོ་སྣང་དང་གཙང་སྦྲར་དང་དོད་བྱས་ཏེ། གཟུགས་གཞི་བདེ་ཐང་ཡོང་བར་བརྩོན་ལེན་བྱེད་དགོས། དེང་གི་དུས་སུ་ང་ཚོར་དགོས་པ་ནི་བདེ་ཐང་གི་གཟུགས་གཞི་དང་ཞི་ལྷོད་ཀྱི་འཛུམ་མདངས་ཡིན་ལ། མི་དགོས་པ་ནི་ཞེ་སྡང་དང་ང་རྒྱལ་འཁྲུག་རྩོད་ལས་བསྐྱེད་པའི་སྡུག་བསྔལ་འབའ་ཞིག་གོ།
        བདེ་ཐང་ནི་གངས་དཀར་དབུ་རྩེར་འབབ་པའི་ཁ་བའི་མེ་ཏོག་དེ་ཡིན་ལ། བདེ་ཐང་ནི་སྟོན་དུས་མཁའ་ལ་འཕགས་པའི་ཆུ་འཛིན་དཀར་པོ་དེ་ཡང་ཡིན། བདེ་ཐང་ནི་མཚར་སྡུག་ལྡན་པའི་སྤང་རྒྱན་མེ་ཏོག་དེ་ཡིན་ལ། བདེ་ཐང་ནི་ཀུན་གྱིས་བརྩོན་ལེན་བྱེད་པའི་ནོར་བུ་གཅིག་པུ་དེ་ཡང་ཡིན། དེས་ན། ཚང་མས་རྒྱུན་དུ་ཟས་སྤྱོད་ལ་དང་ཞེན་དང་ཉལ་འདུག་གི་སྤྱོད་ལམ་ལ་ཚོད་འཛིན་རན་པོ་གནང་སྟེ། མི་ཡུལ་དེར་ལུས་སེམས་གཉིས་ཀ་བདེ་ཐང་ངང་འཚོ་གནས་ཐུབ་པར་བརྩོན་ལེན་བྱེད་པ་མ་ཟད། རྟག་ཏུ་གཞན་ཕན་ལྷག་བསམ་གྱི་བྱ་བཟང་མང་ཙམ་འགྲུབ་ཐུབ་པའི་ཀུན་སློང་རྣམ་དག་ཅིག་བསྟེན་པར་གཅེས་སོ།།
        བདེ་ཐང་ནི་ཡོད་ཚད་ཀྱི་ཡོད་ཚད་དང་སྙིང་པོའི་ནང་གི་སྙིང་པོ་ཡིན། བདེ་ཐང་བྱུང་ན་ཁྱིམ་ཚང་ལ་དགོད་སྒྲ་དང་བདེ་སྐྱིད་ཀྱི་འོད་སྣང་འཕྲོ་ཐུབ་ལ། དགའ་འཛུམ་དང་སྙན་འཇེབས་ཀྱི་གླུ་སྒྲ་ཡང་བར་མེད་དུ་ཐོས་སྲིད། བདེ་ཐང་བྱུང་ན་མི་རིགས་ལ་གསོན་ཤུགས་ལྡན་ལ། རྫོགས་མཐའ་མེད་པའི་སྔོན་ཐོན་དང་མཛད་བཟང་གི་མཚན་སྙན་དག་ནོར་འཛིན་ཀུན་ལ་ཁྱབ་པར་བྱེད། བདེ་ཐང་བྱུང་ན་རྒྱལ་ཁབ་འཕེལ་རྒྱས་དང་སྟོབས་འབྱོར་མངའ་ཐང་རྒྱས་ཐུབ་ལ། ཚན་རྩལ་དང་སློབ་གསོ་འཕྲོད་བསྟེན་སོགས་ལ་ཡར་ཐོན་གྱི་མེ་ཏོག་བཞད་པ་དང་གཡུར་ཟའི་འབྲས་བཟང་སྨིན་ཐུབ་ངེས་ལགས།
        མདོར་ན། ང་ཚོས་གཟུགས་གཞིའི་སྡོང་རྒན་ལ་བདེ་ཐང་གི་དཔལ་ཡོན་མེ་ཏོག་གིས་བརྒྱན་ཞིང་། ཡ་རབས་དང་གཞུང་དྲང་། ཞི་མཐུན་དང་མཉམ་རོགས་བྱས་ནས་ལག་གདང་སྦྲེལ་ཏེ། དགའ་འཛུམ་དང་སྙན་དབྱངས་ཀྱི་ཁྲོད་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པར་རོལ་ཐུབ་ཕྱིར་མཉམ་དུ་འབད་བརྩོན་གནང་དང་།