《སེ་མ་བྲོར》བྱ་དགའ་འདི་ཐོབ་པར་རྟེན་འབྲེལ་ཞུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-26   རྩོམ་ཁུངས།    中央广播电视总台藏语

        ཉིན་ཤས་གོང་། སྐབས་བཅུ་དྲུག་པའི་ཀྲུང་གོའི་དམངས་ཁྲོད་སྒྱུ་རྩལ་གྱི་ཧྲན་ཧྭ་བྱ་དགའ་སྤྲོད་པའི་མཛད་སྒོ་ཧྥུའུ་ཅན་ཤ་མོན་དུ་འཚོགས་པ་རེད། བོད་རང་སྐྱོང་ལྗོངས་དམངས་ཁྲོད་རིག་རྩལ་མཁས་ཅན་མཐུན་ཚོགས་དང་། བོད་རང་སྐྱོང་ལྗོངས་ཞབས་བྲོ་མཁས་ཅན་མཐུན་ཚོགས། གཞིས་རྩེ་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་བཅས་ཀྱིས་འདེམས་སྒྲུག་བྱས་པ་དང་། གཞིས་རྩེ་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་གིས་ཆེད་འགན་མི་སྣ་བཀོད་སྒྲིག་དང་མཛུབ་ཁྲིད་བྱས་པའི་གཞིས་རྩེའི་དམངས་ཁྲོད་ཞབས་བྲོཞེས་པ་དེ་རྒྱལ་ཡོངས་ཀྱི་བདམས་ཐོན་བརྩམས་ཆོས་160ཁྲོད་ནས་འབུར་དུ་ཐོན་ཏེ།  “སྐབས་བཅུ་དྲུག་པའི་ཀྲུང་གོའི་དམངས་ཁྲོད་རིག་རྩལ་གྱི་ཧྲན་ཧྭ་བྱ་དགའ་ལས་ཕུལ་བྱུང་དམངས་ཁྲོད་སྒྱུ་རྩལ་འཁྲབ་སྟོན་བརྩམས་ཆོས་བྱ་དགའི”མཚན་སྙན་ཐོབ་པ་དང་འབྲེལ་བྱ་དགའ་སྤྲོད་པའི་མཛད་སྒོར་གདན་དྲངས་ནས་ཡུལ་དངོས་སུ་འཁྲབ་སྟོན་བྱས་པ་རེད།

        《སེ་མ་བྲོ》ནི་གཞིས་རྩེའི་དམངས་ཁྲོད་ཀྱི་སྐེད་རྔའི་བྲོ་ཞིག་ཡིན་ཞིང་། གཞིས་རྩེ་གྲོང་ཁྱེར་རྒྱ་མཚོ་གཞུང་ཤང་སེ་མ་དགྲ་འདུལ་སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་གིས་འཁྲབ་སྟོན་བྱས་པ་ཞིག་རེད། འཁྲབ་སྟོན་པ་ཚང་མ་སྐྱེས་པ་ཡིན། སྐེད་རྔའི་བྲོ་དེ་ནི་རྔ་དང་དབྱངས་ཀྱི་ཉམས་འགྱུར་མངོན་གསལ་དོད་ལ། བརྗིད་ཉམས་ཆེ་བ། རྣམ་པ་འདྲ་མིན་སྣ་ཚོགས་པ། དཔའ་དང་ཉམས་ཀྱིས་ཕྱུག་པ། མི་སེམས་ལ་སྐུལ་མ་ཐེབས་པ་བཅས་ཡོད་ཅིང་། གང་དེས་ནང་སེམས་པའི་དགའ་སྐྱོ་ཆགས་སྡང་བྲོ་གར་གྱི་སྟངས་སྟབས་ལ་བརྟེན་ནས་མཚོན་རྒྱུར་སྣང་ཆེན་བྱེད་པའི་སྐབས་ཐོག་གི་ཞབས་བྲོ་ཞིག་ཡིན། 1957ལོར། ཞབས་བྲོ་དེ་པེ་ཅིང་དུ་འཁྲབ་སྟོན་བྱེད་པར་བསྐྱོད་པ་དང་། འཁྲབ་སྟོན་པ་ཚོར་ཀྲུའུ་ཞི་མའོ་ཙེ་ཏུང་དང་ཙུང་ལི་ཀྲོའུ་ཨེན་ལའེ་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་མཇལ་འཕྲད་གནང་བ་དང་།  དམག་སྤྱི་ཁྲེན་དབྱི་ཡིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་ལྗོངས་སུ་ཕེབས་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་པར་རྟེན་འབྲེལ་ཞུ་སྐབས་ཀྱང་འཁྲབ་སྟོན་དེར་གཟིགས་གནང་ཡོད།             《སེ་མ་བྲོ》དེ་སྔ་སྔ་རྗེས་སུ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་50འཁོར་བ་དང་། སྐབས་དྲུག་པའི་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན། ཇོ་རིའི་རིག་གནས་དུས་ཆེན་སོགས་ཀྱི་འཁྲབ་སྟོན་ནང་ཞུགས་མྱོང་ཡོད། 2014ལོར། རྒྱ་མཚོ་གཞུང་ཤང་སེ་མ་དགྲ་འདུལ་གྲོང་ཚོར་བོད་རང་སྐྱོང་ལྗོངས་ཀྱིས་སེ་མ་བྲོ་ཡི་སྒྱུ་རྩལ་གྱི་ཕ་ས་ཞེས་མིང་བཏགས་ཡོད། 2021ལོར། 《སེ་མ་བྲོ》ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁག་ལྔ་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱ་སྐྱེད་རྣམ་གྲངས་བཅུག་པའི་ཁྱབ་བསྒྲགས་བྱས་པ་རེད། 2023ལོར། 《སེ་མ་བྲོ》རྒྱལ་ཁབ་རིམ་པའི་དམངས་ཁྲོད་རིག་རྩལ་སྤེལ་རེས་འགྲེམས་སྟོན་ལས་སྟེགས་ཏེ་ཀྲུང་གོའི་དམངས་ཁྲོད་སྒྱུ་རྩལ་དུས་ཆེན་གྱི་འཁྲབ་སྟོན་ནང་ཐེངས་དང་པོ་ཞུགས་པ་རེད། ད་ཆ་གཞིས་རྩེར་མི་300ལྷག་ཙམ་གྱིས་རང་འགུལ་ངང་《སེ་མ་བྲོ》སློབ་སྦྱོང་དང་རྒྱུན་འཛིན་བྱེད་བཞིན་ཡོད། ཁོང་ཚོའི་ཁྲོད་ལས་དགུང་ལོ་བགྲེས་ཤོས་ནི་དགུང་ལོ་80ལྷག་ཙམ་སླེབས་པ་དང་ལོ་ན་ཆུང་ཤོས་དེ་རང་ལོ་4ལས་ཟིན་གྱི་མེད།

        ཀྲུང་གོའི་དམངས་ཁྲོད་རིག་རྩལ་གྱི“ཧྲན་ཧྭ་བྱ་དགའ”ནི་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོ་དམངས་ཁྲོད་རིག་རྩལ་མཁས་ཅན་མཐུན་ཚོགས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་རྒྱལ་ཡོངས་རང་བཞིན་གྱི་དམངས་ཁྲོད་རིག་རྩལ་བྱ་དགའ་ཆེན་པོ་ཞིག་ཡིན་ཞིང་། དེ་དང་ཀྲུང་གོའི་གློག་བརྙན་གྱི་གསེར་བྱ་དང་མེ་ཏོག་སྣ་བརྒྱའི་བྱ་དགའ་དང་། ཀྲུང་གོའི་བརྙན་འཕྲིན་གྱི་གསེར་གླག་བྱ་དགའ་སོགས་ནི་རང་རྒྱལ་གྱི་རིག་རྩལ་ལས་རིགས་ཀྱི་རྒྱལ་ཁབ་རིམ་པའི་བྱ་དགའ་མཐོ་ཤོས་ཡིན་པ་དང་། 1999ལོ་ནས་ད་བར་སྐབས་བཅུ་དྲུག་གཉེར་ཡོད། བོད་རང་སྐྱོང་ལྗོངས་ཀྱི་དམངས་ཁྲོད་སྒྱུ་རྩལ་ལས་དོན་མི་སྣ་དང་དེའི་བརྩམས་ཆོས་ལ་2017ལོའི་སྐབས་བཅུ་གསུམ་པ་ནས་བཟུང་སྐབས་བཞིར“ཧྲན་ཧྭ་བྱ་དགའ”བསྟུད་མར་ཐོབ་པ་དེའི་ཐོག་ནས་བོད་རང་སྐྱོང་ལྗོངས་ཀྱི་དམངས་ཁྲོད་རིག་རྩལ་རྒྱུན་འཛིན་དང་གོང་འཕེལ་གཏོང་བའི་དུས་རབས་གསར་པར་ཐོབ་པའི་གཡུར་ཟའི་གྲུབ་འབྲས་གང་ལེགས་མངོན་ཡོད།