དགུན་དུས་ཁྲུས་བྱེད་སྐབས་གནད་བདུན་ལ་མཉམ་འཇོག་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-26   རྩོམ་ཁུངས།    青海藏文报

        

        གནམ་གཤིས་གྲང་ངར་ཆེ་བའི་སྐབས་སུ་ཆུ་དྲོན་མོས་ཁྲུས་བྱེད་པ་ནི་སྣང་བ་སྐྱིད་པའི་དོན་དག་ཅིག་རེད། འོན་ཀྱང་། དགུན་དུས་ཁྲུས་བྱེད་སྐབས་མཉམ་འཇོག་དགོས་པའི་དོན་ཚན་འགའ་ཡོད་དེ། ལོ་ན་རྒན་པ་རྣམས་ཀྱིས་དགུན་དུས་ཁྲུས་བྱེད་སྐབས་གཤམ་གྱི་གནད་བདུན་ལ་མཉམ་འཇོག་དགོས།

        གཅིག ཁྲུས་བྱེད་པའི་དུས་ཡུན་རིང་མི་རུང་། དགུན་དུས་ཁྲུས་བྱེད་སྐབས་སྐར་མ10ནས15བར་ཚོད་འཛིན་བྱེད་དགོས་ལ། སྐར་མ20ལས་བརྒལ་མི་རུང་། ཁྲུས་བྱེད་པའི་དུས་ཡུན་རིང་ཚེ། སྐྱི་པགས་ངོས་ཀྱི་པགས་ཚིལ་ལ་གཏོར་བརླག་བྱས་ནས།  དེས་སྐྱི་པགས་ལ་སྲུང་སྐྱོབ་བྱེད་པའི་ནུས་པར་གནོད་འཚེ་ཐེབས་སྲིད།

        གཉིས། ཆུའི་དྲོད་ཚད་མཐོ་མི་རུང་། ཁྲུས་བྱེད་སྐབས་ཆུའི་དྲོད་ཚད་ཧྲེ་ཧྲི་ཏུའུ37ནས38བར་ཚོད་འཛིན་བྱེད་དགོས་ལ། ཧྲེ་ཧྲི་ཏུའུ40ལས་བརྒལ་མི་རུང་། ཆུའི་དྲོད་ཚད་མཐོ་དྲགས་ཚེ་ལུས་པོའི་དབང་རྩ་འཁྲུག་པ་དང་གཤེར་ཆ་ཤོར་ནས་སྐྱི་པགས་ལ་ཟ་འཁྲུག་ལངས་སྲིད། དེ་ལས་གཞན་ཀླད་སྙིང་གི་ཁྲག་འདོན་ཚད་ཇེ་ཉུང་དུ་སོང་ནས་སྙིང་གི་འཕར་སྟངས་མི་སྙོམས་པ་དང་གློ་བུར་དུ་འཆི་བའི་ཉེན་ཁ་ཡོད།

        གསུམ། ལུས་དྲེག་འཁྲུད་འཕུར་ཤུགས་ཚད་ཆེ་མི་རུང་། ཤ་པགས་བདེ་ཐང་གི་གནས་ཚུལ་འོག  གཟའ་འཁོར2ནས4ཡི་རིང་ཐེངས་གཅིག་ལ་འཁྲུད་འཕུར་བྱས་པས་ཆོག་ལ། ལུས་དམར་པོར་གྱུར་པའམ་ན་ཟུག་ལངས་སྐབས་ཤུགས་ཚད་ཇེ་ཆུང་དུ་གཏོང་དགོས།

        བཞི། ཁྲུས་རྫས་མང་པོ་སྤྱོད་མི་རུང་། དགུན་དུས་སུ་སྐྱི་པགས་ཤིན་ཏུ་སྐམ་པོ་ཡིན་པས། ཁྲུས་རྫས་མང་དུ་སྤྱད་ཚེ། སྐྱི་པགས་ངོས་ལ་གཏོར་བརླག་ཐེབས་ནས་ཟ་འཕྲུག་ལངས་པ་རེད། རྒན་པ་རྣམས་ཀྱིས་སྐྱི་པགས་ལ་མི་གནོད་པའི་ཁྲུས་རྫས་སྤྱོད་དགོས།

        ལྔ། ཟས་རྗེས་སུ་མྱུར་དུ་ཁྲུས་བྱེད་མི་རུང་། ཟ་མ་ཟོས་རྗེས་མྱུར་དུ་ཁྲུས་བྱས་ཚེ། འཇུ་བྱེད་མ་ལག་གི་ཁྲག་གི་འཁོར་རྒྱུག་དང་འཇུ་བྱེད་གཤེར་ཁུའི་ཟགས་ཐོན་ཇེ་ཉུང་དུ་སོང་ནས། ཟས་འཇུ་མི་ཐུབ་པ་དང་མགོ་ཡུ་འཁོར་བ་སོགས་ཀྱི་གནད་དོན་འབྱུང་བས།ཟས་རྗེས་ཀྱི་དུས་ཚོད་གཅིག་གི་རྗེས་སུ་བཀྲུས་ན་བཟང་།

        དྲུག ངལ་དུབ་ཀྱི་སྐབས་སུ་ཁྲུས་བྱེད་མི་རུང་། འགུལ་སྐྱོད་མང་དྲགས་པ་དང་ངལ་དུབ་ཆེ་བའི་སྐབས་སུ། ཁྲག་རྒྱུན་འཁོར་རྒྱུག་འཁྲུག་པོ་ཡིན་པས། ཁྲུས་བྱས་ཚེ་སྙིང་དང་ཁྲག་རྩའི་ཁག་ཁུར་ཆེ་རུ་བསྐྱེད་སྲིད།

བདུན། ཚ་བ་ཆེ་བའི་སྐབས་སུ་ཁྲུས་བྱེད་མི་རུང་། ཚ་བ་ཆེ་བའི་སྐབས་སུ་ཁྲུས་བྱས་ཚེ། ཁྲག་རྩ་བསྐྱེད་པ་དང་སྙིང་གི་ལྡིང་ཚད་ཇེ་མགྱོགས་སུ་སོང་ནས་ཚ་ཆེན་པོ་རྒྱས་པ་དང་། ཤུགས་ཉམས་པ་དང་སྙིང་འཕར་བ། མགོ་ཡུ་འཁོར་བ་སོགས་ཀྱི་ནད་རྟགས་འབྱུང་སྲིད། །