ཕས་བུ་ལ་སྤྲིངས་པའི་འཕྲིན་ཡིག་སོ་བརྒྱད་མ་བཀླགས་པའི་མྱོང་ཚོར།

རྩོམ་པ་པོ།   གླིང་ཚེ་བྷ།  ཡིག་བསྒྱུར།       དུས་ཚོད།   2024-02-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སློབ་ཆེན་གྱི་སྒོ་ཐེམ་འགྲིམས་མྱོང་བའི་མི་ཞིག་ལ་མཚོན་ན། སློབ་མཐར་ཕྱིན་རྗེས་དཔེ་ཆ་ཀློག་པའི་གོམས་གཤིས་དང་ཁ་བྲལ་བ་ནི་ཤིན་ཏུ་ཡིད་སེམས་ཕངས་དགོས་པའི་དོན་དག་ཞིག་རེད། རྒྱུ་མཚན་ནི་དཔེ་ཆ་མ་བཀླགས་ན་རང་ཉིད་ཀྱི་བསམ་བློ་དང་བསམ་གཞིགས་བྱེད་སྟངས་ལ་བཙའ་ཆགས་པའི་ཉེན་ཁ་ཆེ་ཞིང་།  ཡིད་ཆེས་དང་སྙིང་སྟོབས་འཕེལ་བའི་ནུས་པའང་ཇེ་ཞན་དུ་འགྲོ། དེ་ལས་ཀྱང་གལ་ཆེ་བ་ནི་ལེགས་ཉེས་བླང་དོར་དང་བདེན་རྫུན་གྱི་ཆ་ལ་མགོ་བོ་རྨོངས་པར་བྱེད།    དཔེ་ཆ་ཀློག་ཐུབ་མིན་ནི་མི་སོ་སོའི་དུས་ཚོད་ཀྱི་བཀོད་སྒྲིག་དང་སེམས་ཁམས།   གོམས་གཤིས་སོགས་ལ་རག་ལས་ངེས་ཅན་ཞིག་ཡོད་པ་གོར་མ་ཆགས་ཤིང་།   ལས་གནས་སུ་ཞུགས་རྗེས་སེམས་རྣལ་དུ་ཕབ་ནས་དཔེ་ཆ་བཀླགས་རྒྱུ་ནི་ལས་སླ་བོ་ཞིག་གཏན་ནས་མ་རེད། 

      ང་ནི་རྩོམ་རིག་བརྩམས་ཆོས་ཀློག་པར་སྤྲོ་བ་ལྷག་པར་ཆེ།  དེབ་ངོགས་ཀྱི་གཏམ་རྒྱུད་རེ་རེའི་ནང་ན་ང་ཚོའི་འདས་སོང་གི་ལོ་ཟླ་དང་ཕྱིར་དྲན་ཡོད་ལ།   ལོ་རྒྱུས་ཀྱིས་ང་ཚོ་ལ་གནང་བའི་སློབ་གསོ་དང་ཁ་ཕྱོགས་ཀྱང་ཡོད།  འདས་པའི་ལོ་གཅིག་གི་རིང་ངས་ཆད་མཐུད་སྦྲེལ་མའི་ངང་ནས་རའོ་ཁུ་ཧྥེ་ལིས་བུ་ལ་སྤྲིངས་པའི་འཕྲིན་ཡིག་སོ་བརྒྱད་མ་ཞེས་པ་ད་གཟོད་བཀླགས་ཚར་ཞིང་།   ཡིག་འབྲུ་རེ་རེའི་བར་གསེང་ནས་ང་ལ་ཕྱོགས་མང་བོའི་ཐད་ཀྱི་བློ་བསྐྱེད་བྱུང་བ་འོག་ཏུ་འཆད་པར་བྱ།

     ལུས་སེམས་གཉིས་ཀ་ཡུན་རིང་བོར་ཕ་ཡུལ་ལུང་པར་ལུས་པའི་བདག་ལ་མཚོན་ན། འཛམ་གླིང་གི་རྩོམ་རིག་གྲགས་ཅན་ཀློག་པ་ནི་སློབ་སྦྱོང་གི་ཐབས་ལམ་གལ་ཆེན་ཞིག་ཏུ་ངོས་བཟུང་ཡོད།   རའོ་ཁུ་ཧྥེ་ལིས་བུ་ལ་སྤྲིངས་པའི་འཕྲིན་ཡིག་སོ་བརྒྱད་མ་ནི་བློ་སྒོ་འབྱེད་པར་ཤིན་ཏུ་ཕན་པའི་དཔེ་དེབ་གྲགས་ཆེ་བ་ཞིག་རེད།   ནང་གསེས་ཀྱི་ཚན་པ་རེ་འགའ་བོད་ཡིག་ཏུ་བསྒྱུར་ཡོད་པ་མཐོང་ཡང་བརྩམས་ཆོས་ཆ་ཚང་བོད་ཡིག་ཏུ་བསྒྱུར་ཡོད་པ་རྒྱུས་མ་ལོན།   འཕྲིན་ཡིག་སོ་བརྒྱད་མའི་ལེའུ་རེ་རེའི་ནང་དུ་ཤ་ཚ་བ་དང་།  ཡིད་འགུལ་ཐེབས་པའི་སློབ་གསོའི་མན་ངག་མང་དུ་གནང་ཡོད།   བརྗོད་བྱ་གཙོ་བོ་ནི་ཁྱིམ་ཚང་སྐྱོང་ལུགས་དང་བྱ་གཞག་འཕེལ་རྒྱས།   སློབ་གསོ་གཙིགས་སུ་འཛིན་པ། ཚོང་ལས་གཉེར་ལུགས།  ཡང་དག་པའི་རིན་ཐང་ལྟ་ཚུལ་ཆགས་ལུགས་སོགས་ཨ་ཕ་རང་ཉིད་བརྒྱུད་མྱོང་བའི་དངོས་ཡོད་འཚོ་བའི་ཉམས་མྱོང་ནི་གཏམ་རྒྱུད་དང་གནས་ལུགས་ལ་སྦྱར་ནས་གླེང་ཡོད།   གཏམ་རྒྱུད་རེ་རེའི་ནང་དུ་གོ་སྐོན་བློ་འགུགས་ཐེབས་པའི་ཤེས་རབ་དང་འབེལ་གཏམ་ཡོད་པས།  སྤྱི་ཚོགས་འཚོ་བའི་ཉམས་མྱོང་ཞན་པ་དང་།   མ་འོངས་པའི་ཁ་ཕྱོགས་མི་གསལ་བའི་ང་ལ་མཚོན་ན་བསམ་བློ་དང་ལག་ལེན་གཉིས་ཆར་ནས་རིན་ཐང་ཆེ་བར་བསམ་ཡོད།     སྤྱིར་ན་རའོ་ཁུ་ཧྥེ་ལི་ནི་འཛམ་གླིང་ཀུན་དུ་མཚན་སྙན་གྲགས་ཡིན་ན་ཆོག  རྒྱུ་ལོངས་སྤྱོད་ཡིན་ན་ཆོག ཕྱོགས་གང་སར་རང་གི་ཐོག་མའི་ཕུགས་བསམ་ལེགས་འགྲུབ་རྒྱ་ཆེན་པོ་བྱུང་བའི་ཁེ་ལས་པ་འབྱོར་ལྡན་ཞིག་ཡིན་ཀྱང་།     འཕྲིན་ཡིག་རེ་རེའི་ནང་དུ་བུ་ལ་གནང་བའི་ལྷག་བསམ་གཙང་མའི་སེམས་གཏམ་དེ་དག་ལས་ཁོང་ནི་བློ་རྒྱ་ཁོག་རྒྱ་ཆེ་ཞིང་བྱམས་བརྩེའི་ཀུན་ནས་ཕྱུག་པའི་ཨ་ཕ་རང་ག་བ་ཞིག་མིན་པ་གསལ་བོར་ཤེས་ཐུབ།   འཕྲིན་ཡིག་རེ་རེའི་ནང་དུ་རང་གི་བྱ་བར་ཧུར་བརྩོན་དང་འབད་ཐག་བྱེད་དགོས་ཚུལ་ནན་གྱིས་བསྐུལ་ཡོད་ཅིང་།   རྒྱལ་ཁ་ནི་གློ་བུར་དུ་བྱུང་བ་ཞིག་མིན་པར་ཉི་མ་རེ་རེ་དང་ཟླ་བ་རེ་རེར།  ལོ་རེ་རེའི་དུས་ཚོད་བེད་སྤྱོད་གང་ལེགས་བྱས་ནས་ཧུར་བརྩོན་བྱས་པའི་མཇུག་འབྲས་ཡིན་པ་བསྟན་ཡོད།   རྒྱུན་ལྡན་འཚོ་བའི་ཁྲོད་ཡིད་རྟོན་དང་དྲང་བདེན།  ཀུན་སྤྱོད་གཙང་མའི་རང་གཤིས་བཟུང་ནས་མི་དང་མིའི་བར་གྱི་འབྲེལ་བར་བརྩི་འཇོག་བྱེད་པ་ལས་གང་འདོད་དུ་གཞན་ལ་ཕོག་ཐུག་མི་བཟོ་བ་དང་།  ལྷག་པར་དཀའ་སྡུག་ལ་མགོ་མི་སྒུར་པར་རྒྱུན་འཁྱོངས་བྱེད་ནུས་པའི་རང་གཤིས་བརྟན་པོ་ཞིག་ཡོད་དགོས་པ་དང་།  གོ་སྐབས་གསར་རྙེད་དང་གོ་སྐབས་དམ་འཛིན།  ཕུགས་རྒྱང་རིང་བའི་ལྟ་བ་དང་ཉེན་གནས་བརྒྱུད་ཕོད་པའི་སྙིང་སྟོབས་འཛོམས་དགོས་པའི་གལ་ཆེན་རང་བཞིན་ཡང་མང་དུ་གླེང་ཡོད།  

     ངས་བསམ་ན་ལས་སྒོ་གསར་སྤེལ་དང་ཚོང་ལས་ལ་འཇུག་ལ་ཉེ་བའི་མི་ཞིག་ལ་མཚོན་ན་ལྷག་པར་དཔེ་ཆ་འདི་ཉིད་ཀློག་པའི་རིན་ཐང་ཤིན་ཏུ་ཆེ། ཡང་ན་རང་ཉིད་ལ་ཡིད་ཆེས་མེད་པའམ་མག་མོག་གི་ལོ་ཟླས་ལང་ཚོ་ཟད་ནས་ཅི་བྱ་གཏོལ་མེད་དུ་གྱུར་བའི་མི་ཚོགས་དང་།  མི་ཚེའི་ཁ་ཕྱོགས་འཚོལ་བའི་མི་རྣམས་ལ་མཚོན་ན་ལྷག་པར་དཔེ་ཆ་འདི་ཀློག་པའི་དོན་སྙིང་ཆེ་བར་འདོད།     དཔེ་ཆའི་ནང་དུ་ང་ཚོས་རྒྱུན་པར་གླེང་དང་གླེང་བཞིན་པའི་ལས་དབང་ཞེས་པ་ནི་རང་གི་བྱ་སྤྱོད་དང་ལག་ལེན་གྱིས་ཐག་གཅོད་དགོས་པ་ཞིག་ཡིན་པ་གསལ་བོར་བསྟན་ཡོད།    མི་རེ་རེ་ནི་རང་ཉིད་ཀྱི་ལས་དབང་གི་ཇུས་འགོད་པ་དང་འཛུགས་སྐྲུན་པ་ཡིན་ཞེས་གླེང་ཡོད།    ང་རང་ཉིད་ལ་མཚོན་ནས་བཤད་ན་ལོ་ངོ་དུ་མའི་རིང་དོན་དག་གང་ཞིག་སྒྲུབ་དགོས་པའི་གནས་ལུགས་རེ་ཤེས་ལ།   ཁ་ནས་བཤད་ཐེངས་མང་རུང་ལག་ལེན་ཟེར་བ་ཞིག་རྩ་བ་ནས་མེད་ལ།   དུས་ཡུན་རིང་བོར་ཉིན་མོའི་རྨི་ལམ་ལ་རེ་སྒུག་བྱས་པས་གོ་སྐབས་མང་པོ་ཞིག་ཤོར་ཚར་བས།  དེ་ནི་ང་རང་ཤིན་ཏུ་འགྱོད་པའི་གནས་ཡིན།  དཔེ་ཆའི་ནང་དུ་ཁོང་གིས་ད་མ་ཐག་ནས་ལས་ཀའི་མགོ་རྩོམ་པ་ནི་སྟོང་བསམ་སེལ་བའི་གཞི་ཚུགས་ས་ཡིན་པ་བཤད་ཡོད།    འཇིག་རྟེན་སྟེང་ན་རིན་མི་དགོས་པའི་ཟ་མ་ཞིག་མེད་ཐག་ཆོད་ཡིན་པས།    རང་ཉིད་ལ་རྒྱལ་ཁ་ཐོབ་དགོས་ན་དེ་བསྟུན་གྱི་འབད་བརྩོན་བྱེད་དགོས་པའི་གནས་ལུགས་འདི་ཅི་འདྲའི་གལ་ཆེ་བ་ཞིག་རེད་ཨང་།    འཕྲིན་ཡིག་རེ་རེ་བཀླགས་མཚམས་ནས་ངས་རང་ཉིད་ནི་ཅི་འདྲའི་ཤེས་རིག་གི་དབུལ་བོ་ཞིག་དང་བསམ་གཞིགས་བྱེད་སྟངས་ནོར་བ།  ལག་ལེན་མེད་པའི་མི་བུ་ནུས་མེད་ཅིག་ཡིན་པ་ཤེས་ཡོང་།    འཛམ་གླིང་དུ་དོན་དག་ཅི་ཡང་འབྱུང་སྲིད་པ་རེད།  ཡིན་ན་ཡང་ངལ་རྩོལ་མེད་པར་འབྲས་བུ་འབྱུང་རྒྱུ་ནི་དཔེ་མི་སྲིད་པ་ཞིག་ཡིན་གསུངས་ཡོད།    ལག་ལེན་མེད་པའི་མི་ལ་གོམས་གཤིས་ངན་པ་ཞིག་ཡོད།  དེ་ནི་ད་ལྟའི་འཚོ་བ་ལ་ཡིད་ཚིམ་ནས་བསམ་བློར་འགྱུར་བ་གཏོང་མ་ཤེས་པའི་སྐྱོན་ཡིན་གསུངས་པ་བཞིན།   དཔེ་ཆ་བཀླགས་ཚར་བ་ན་རང་ཉིད་ལ་ཡིད་ཆེས་གསར་བ་ཞིག་སྦྱིན་ཡོང་བ་དང་། ཡུན་རིང་བོར་བཙའ་ཆགས་པའི་བསམ་བློ་ལ་གཙང་དར་ཐེངས་ཤིག་བྱས་པ་དང་འདྲ་ལ།    བྱ་བ་དང་འཚོ་བ་གང་ཡིན་རུང་ལྷག་བསམ་གཙང་མས་གདོང་གཏོད་པ་དང་ལག་ལེན་ནས་མགོ་ཚུགས་དགོས་པའི་ངེས་ཤེས་ཤིག་ཀྱང་རྙེད་བྱུང་།