ཁ་པར་དང་རིང་དུ་གྱེས་ནས། ཁྱིམ་མི་དང་ཉེ་བར་བཅར་རོགས།

རྩོམ་པ་པོ།   པདྨ་མཚོ།  ཡིག་བསྒྱུར།       དུས་ཚོད།   2024-02-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ལོ་སར་ནི་རང་རྒྱལ་ལ་མཚོན་ན་ཆེས་གལ་ཆེ་བའི་དུས་ཆེན་ཞིག་ཡིན་ལ།ལོ་སར་གྱི་སྐབས་སུ་ང་ཚོ་ཕ་ཡུལ་དང་རྒྱང་ཐག་ཅི་འདྲ་རིང་ནའང་ཕ་ཡུལ་དུ་སོང་ནས་གཉེན་ཉེ་དང་འདུ་འཛོམས་བྱེད་རྒྱུ་དགའ་ལ།ནང་མི་ལྷན་འཛོམས་བྱུང་ནས་དགའ་དགའ་སྤྲོ་སྤྲོའི་ངང་ལོ་རྙིང་བ་ཕར་བསྐྱལ་བ་དང་རེ་བ་དང་རེ་སྒུག་གིས་ཁེངས་པའི་ལོ་གསར་བ་བསུ་བ་བྱས་པ་རེད།
    སྤྱི་ཚོགས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས།མི་རྣམས་ཀྱི་འཚོ་བ་ཉིན་རེ་ལས་ཉིན་རེ་ཇེ་བཟང་དུ་སོང་ཡོད།ཚན་རྩལ་གྱི་ཐོན་རྫས་སྣ་ཚོགས་ཀྱང་མི་རྣམས་ཀྱི་འཚོ་བའི་ཁྲོད་ས་ཁྱབ་རྡོ་ཁྱབ་དུ་ཁྱབ་ཡོད།ལྷག་པར་དུ་རིག་ནུས་ཁ་པར་ནི་ཕལ་ཆེར་མི་རེ་རེའི་ལག་ཏུ་གཅིག་རེ་ཡོད་པ་རེད།རིག་ནུས་ཁ་པར་གྱིས་མི་རྣམས་ཀྱི་འཚོ་བར་བཟང་ངན་གཉིས་ལྡན་གྱི་ནུས་པ་ཐོན་ཡོད་པ་རེད།
    ཁ་པར་གྱིས་མི་རྣམས་ཀྱི་འཚོ་བར་སྟབས་བདེ་སྐྲུན་ཡོད་དེ།ལོ་སར་ལ་དཔེར་བཞག་ནས་བཤད་ན།ང་ཚོས་རིག་ནུས་ཁ་པར་ལ་བརྟེན་ནས་ཕ་ཡུལ་ལ་འགྲོ་བའི་གནམ་གྲུ་སྤ་སེ་དང་མེ་འཁོར་སྤ་སེ་སོགས་ཉོ་བདེ་བ་མ་ཟད།ལོ་སར་གྱི་ཞོར་ཟས་སྣ་ཚོགས་དང་གོས་གསར་སྣ་ཚོགས་ཀྱང་ཁ་པར་ལ་བརྟེན་ནས་ཉོ་ཐུབ།གཞན་རང་དང་ཐག་རིང་གི་ཤ་ཉེ་དང་གྲོགས་པོ་སོགས་ལ་ཡུལ་བབས་དང་དུས་ཚོད་ཀྱི་བཀག་རྒྱ་ལས་གྲོལ་ནས་མཐེབ་གཞོང་གཅིག་གིས་ལོ་སར་གྱི་བཀྲ་ཤིས་སྨོན་འདུན་ཞུ་ཐུབ་པ་སོགས་ཀྱི་ཕན་ནུས་སྣ་ཚོགས་ཡོད་པ་རེད།
    འོན་ཀྱང་ཁ་པར་གང་ལེགས་ཀྱིས་བེད་སྤྱོད་དང་ཚོད་འཛིན་བྱེད་མ་ཐུབ་ཚེ།ཁ་པར་གྱིས་རང་གི་འཚོ་བར་དེ་ལས་ལྡོག་པའི་ནུས་པ་ཐོན་ཀྱི་ཡོད།དཔེར་ན།ནང་མི་ལྷན་འཛོམས་སམ་ཡང་ན་བཀྲ་ཤིས་དུས་སྟོན་ལ་རོལ་སྐབས།མི་རེ་རེས་ལག་ཏུ་ཁ་པར་རེ་བཟུང་ནས།མགོ་བོ་སྨད་དེ་ཁ་པར་གྱི་འཇིག་རྟེན་ལ་རོལ་ནས།ཕན་ཚུན་ཁ་གཏད་དུ་བསྡད་རུང་ཕན་ཚུན་ལ་ཁ་བརྡ་མི་བྱེད་པར་ཆེས་ཐག་ཉེ་བའི་མི་ཆ་མེད་དུ་གྱུར་འདུག ཁྱིམ་མི་བར་ཡང་གཅིག་འདྲ་ཡིན་པ་ཡིན་པ་རེད། ལོ་གསར་ལ་དཔེར་བཞག་ནས་བཤད་ན།དེ་སྔོན་གྱི་འཚོ་བ་ནི་ནང་མི་རྣམས་དགའ་དགའ་སྤྲོ་སྤྲོའི་ངང་གནམ་གོང་གི་ཟ་མ་ལས་ནས་མཉམ་དུ་ཟ་མ་ཟ་ཞོར་ལོ་སར་གྱི་དགོང་ཚོགས་ལ་བལྟ་བ་དང་།བྱིས་པ་རྣམས་ཀྱིས་ཀྱང་གླུ་དབྱངས་ལེན་པ་དང་བྲོ་འཁྲབ་པ་སོགས་བྱས་ནས་ཁང་ཁྱིམ་གྲུ་བཞི་ག་ས་གང་དུ་བདེ་སྐྱིད་དང་སྤྲོ་སྣང་གིས་ཁེངས་ཡོད་པ་རེད།དུས་ད་ལྟ་གནམ་གང་གི་ཟ་མ་བཟོས་ཚར་རྗེས་ཐོག་དང་པོར་པར་བླངས་ནས་སྐད་འཕྲིན་གྱི་གྲོགས་ཚོམས་སུ་བསྐུར་བ་དང་།དེ་ནས་གྲོགས་ཚོམས་སུ་བསྐུར་ལན་འདེབས་པ།ཁ་པར་གྱི་ལམ་ནས་ཐད་གཏོང་བྱེད་པའམ་ཐད་གཏོང་ལ་བལྟ་བ།ཁ་པར་སྟེང་ཁུག་དམར་སྐུར་བའམ་ཁུག་དམར་འཕྲོག་པ་སོགས་བྱས་ནས་འདུ་འཛི་ཧ་ཅང་ཆེ། མི་རེ་རེས་རང་གི་ཁ་པར་གྱི་གྲོགས་ཚོམས་སུ་ལོ་སར་རོལ་ནས་རང་གི་ཁྱིམ་མི་དང་རིང་དུ་གྱེས། ལོ་སར་གྱི་དུས་ཡུན་ཐུང་ཐུང་འདིར་ཕ་མས་ལོ་གཅིག་རིང་རང་གི་བུ་ཕྲུག་དང་ལྷན་འཛོམས་བྱེད་རྒྱུ་རེ་སྒུག་བྱས་ལ།རང་ཉིད་ཀྱིས་ཀྱང་ལེ་བར་སྟོང་ཕྲག་གི་ལམ་ཐག་ལ་མ་འཛེམ་པར་ཕ་མ་དང་འདུ་འཛོམས་བྱེད་པར་འོང་།འོན་ཀྱང་རང་གི་ཕུང་བོ་ཙམ་ཕ་མའི་མདུན་དུ་བཅར་བ་ཁོ་ན་མི་ཆོག་པར། ཁ་པར་དང་རིང་དུ་གྱེས་ནས།ཕ་མའི་མདུན་ནས་ཁ་བརྡ་དང་ཁོང་ཚོ་དང་མཉམ་དུ་བསྡད་ནས་ལོ་སར་སྐྱིད་པོ་ཞིག་རོལ་རྒྱུ་གལ་ཆེའོ།