མཆོད་ཆང་མཆོད་པར་མཉེས་པའི་ཁྱེད་ཀྱིས་ཆང་གི་ལོ་རྒྱུས་མཁྱེན་ནམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-27   རྩོམ་ཁུངས།    西藏日报藏文媒体

    ཆང་འཐུང་བའི་གོམས་སྲོལ་དེ་བོད་ལ་དར་ནས་ད་བར་དུས་ཡུན་རིང་པོ་ཞིག་ཕྱིན་ཡོད། དེའང་ཇ་ཆང་ལྷ་མོའི་བསྟན་བཅོས་ལས། རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ་ཕོ་བྲང་ཡུམ་བུ་བླ་སྒང་ནས་མངའ་གསོལ་བའི་སྐབས་དང་། གཞན་ཡང་། ཆོས་རྒྱལ་བྱང་ཆུབ་སེམས་པ་རིམ་བྱོན་ཚང་མས་བདེ་ལྡན་བདུད་རྩིའི་སྐྱེམས་འདིར་གཙིགས་མཛད་པའི་ལོ་རྒྱུས་མང་ཞིང་། ཁྱད་པར་སྲོང་བཙན་སྒམ་པོའི་འཁྲུངས་སྣོད་མིང་ཅན་ཡང་ནང་རྟེན་དུ་བཞུགས་པ། དེའི་ཐོག་ནས་ཆང་འཐུང་བའི་སྲོལ་དར་ནས་ལོ་རྒྱུས་རིང་པོ་ཕྱིན་ཡོད་པ་གསལ་རྟོགས་ཐུབ་ཅེས་འཁོད་ཡོད། བོད་མིས་རང་ཉིད་གནས་ཡུལ་གྱི་གནམ་གཤིས་དང་སྐབས་དེའི་ཐོན་སྐྱེད་འཕེལ་རྒྱས་ཀྱི་ཆུ་ཚད། འཚོ་བའི་ཆ་རྐྱེན་དང་བསྟུན་ཏེ་ཡུལ་བབ་དང་མཐུན་པའི་བཏུང་བྱ་འཕེལ་རྒྱས་བཏང་ཡོད་པ་རེད།    ཚང་མས་མཁྱེལ་གསལ་ལྟར། བོད་རིགས་མང་ཚོགས་ཀྱི་བཟའ་བཏུང་གི་རིགས་ལ་ཁྱད་ཆོས་ཆེན་པོ་ཡོད་པ་སྟེ། ཕྱི་ནང་གང་ཞིག་ལའང་ཟ་བདེ་སྤྱོད་བདེའི་ཆོས་ཉིད་ལྡན་ཡོད། དཔེར་ན། ཆང་ལ་ཆ་བཞག་ན་སྐྱེམས་སེལ་གྱི་བཏུང་བྱ་ཞིག་ཡིན་ལ་སྤགས་ཁུའང་བྱེད་ཆོག ད་དུང་གནམ་གཤིས་གྲང་དུས་བསྐོལ་ནས་བཏུངས་ན་གཟུགས་པོར་དྲོད་སྐྱེ་བའི་ནུས་པ་ཡོད། དེར་བརྟེན། ཆང་དེ་བོད་རིགས་མང་ཚོགས་ཀྱི་འཚོ་བའི་ནང་མེད་དུ་མི་རུང་བ་ཞིག་ཡིན་ཞེས་བཤད་ཆོག གལ་ལགས་ཤེ་ན། བཀྲ་ཤིས་པའི་དོན་ལ་ཆང་དེ་མེད་དུ་མི་རུང་བ་ཞིག་ཡིན་ལ། གེགས་བར་སོགས་མི་ལེགས་པའི་དོན་བྱུང་ནའང་ཆང་དེ་ངེས་པར་དུ་དགོས་པ་ཞིག་ཡིན་ཞིང་། ཤོད་སྲོལ་ལ་ཆང་ནི་དགའ་བའི་དགའ་རོགས། ཆང་ནི་སྐྱོ་བའི་སྐྱོ་རོགས། དགའ་སྐྱོ་གང་འདྲ་བྱུང་ཡང་། ཆང་གིས་རོགས་པ་ཞུས་ཡོང་ཞེས་པ་ལྟར་ལོ་གསར་ཚེས་གཅིག་གི་ཐོ་རེངས་སུ་བཏུང་བྱའི་དང་པོ་ངེས་པར་དུ་ཆང་སྐོལ་འཐུང་དགོས། ཁྱིམ་དུ་སྐུ་མགྲོན་ཕེབས་པ་སོགས་ལ་མཆོད་ཆང་སུམ་སྒྲོན་མཉེས་དག་བཏེགས་ནས་ལྷག་བསམ་མཚོན་པར་བྱེད་ཀྱི་ཡོད། དེ་བཞིན་སྤུན་ཉེ་དང་སྐུ་མགྲོན་སོགས་ལ་ཕེབས་བསུ་ཕེབས་སྐྱེལ་ཞུ་བར་ཡང་ཁ་རྒྱུན་དུ་སྐྱེལ་ཆང་དང་བསུ་ཆང་ཟེར་སྲོལ་ཡོད་ལ། ད་དུང་མཉེན་སྒྲིག་དགའ་སྟོན་ལ་ཆང་ས་ཟེར་སྲོལ་ཡོད་པས། དེའི་གོ་དོན་ཡང་ཆང་འཐུང་བའི་དོན་ཡིན་ཞིང་། ཆང་ནི་བོད་མིའི་འཚོ་བའི་ནང་མེད་དུ་མི་རུང་བ་ཞིག་ཡིན་ཟེར་དགོས་དོན་ཡང་ཇ་ཆང་ལྷ་མོའི་བསྟན་བཅོས་ལས། དགའ་པོ་གླུ་གཏོང་བའི་སྐད་ཤེད། སྐྱིད་པོ་བྲོ་རྒྱག་པའི་རྡིག་སྒྲ སྡུག་པོ་མཆི་སྤྱང་པོ་མགོ་སྟོང་ཅན་གྱི་ཀླད་པ། ལྐུགས་པ་ཁ་འབྱེད་པའི་ལྡེ་མིག་སྐབས་བསྐུལ། སྙིང་མེད་འཕྲངས་སྒྲོལ་བའི་སྐྱེལ་མ། ཞེས་སོགས་གསུངས་ཡོད་པའི་ཐོག་ནས་བོད་མི་དང་ཆང་དབར་གྱི་འབྲེལ་བ་མཚོན་ནུས།