འཛམ་གླིང་གི་ཁུ་ལོན་བོད་ལུག་ཐོག་མ་མཚོ་སྔོན་དུ་བཙས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-28   རྩོམ་ཁུངས།    མདོ་ལ་བོད་ཡིག་ཚགས་པར།

    ཉེ་ཆར། ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན་གྱི་ཚོགས་པས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྲོག་ཆགས་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་མཉམ་འབྲེལ་གྱིས་གསོ་སྐྱོང་བྱས་པའི“ཁུ་ལོན་བོད་ལུག”མཚོ་སྔོན་དུ་བདེ་བླག་ངང་བཙས་པ་རེད། འདི་ནི་རྒྱལ་ནང་དུ་གཟུགས་གཞིའི་ཕྲ་ཕུང་གི་ཁུ་ལོན་ལག་རྩལ་སྤྱད་དེ་ད་ཡོད་ཀྱི་བོད་ལུག་ཚོགས་ཁྱུའི་ཁྲོད་ཀྱི་སྤུས་ལེགས་རིགས་རྒྱུད་སླར་གསོ་དང་ཉར་ཚགས་བྱེད་ཐེངས་དང་པོ་ཡིན་པ་མ་ཟད། རྒྱུད་བཟང་བོད་ལུག་གི་ནུས་མཐོའི་རྒྱུད་སྤེལ་ཐད་སྤྱོད་རྒྱུ་རེད།

བཙས་མ་ཐག་པའི་ཁུ་ལོན་བོད་ལུག་གི་ལྗིད་ཚད་ལ་སྟོང་ཁེ3.4ཡོད་པ་དང་། ནད་ཐོག་བརྟག་དཔྱད་བྱས་འབྲས་བདེ་ཐང་ཡིན་པ་རེད། མིག་སྔར་རྟེན་གཞིར་ཁུ་ལོན་བོད་ལུག་གཉིས་སྔ་རྗེས་སུ་བཙས་ཡོད།

    བོད་ལུག་གསོ་ཚགས་ལས་རིགས་ནི་མཚོ་བོད་ས་མཐོའི་རོང་འབྲོག་པའི་ཡོང་འབབ་ཀྱི་ཡོང་ཁུངས་གཙོ་བོའི་གྲས་ཤིག་ཡིན་མོད། འོན་ཀྱང་བོད་ལུག་གསོ་ཚགས་ཀྱི་ཕན་འབྲས་དེ་ཙམ་ཆེན་པོ་མེད་པ་དང་། རྒྱུད་བཟང་ཁྲོམ་གྱི་སྤྱོད་ཚད་དམའ་བས་ཐོན་ལས་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད། ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན་ཚོགས་པས་ཟི་ལིང་གྲོང་ཁྱེར་སྲོག་ཆགས་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་མཉམ་འབྲེལ་བྱས་ཏེ། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིང་གི་རྒྱབ་སྐྱོར་འོག 2018ལོ་ནས་བཟུང་འབྲི་གཡག་དང་བོད་ལུག་གི་མངལ་ཕུང་ལས་གྲྭའི་ཉེར་སྤྱོད་ལག་རྩལ་ལ་ཞིབ་འཇུག་བྱ་རྒྱུར་གཞོལ་བཞིན་ཡོད། དངུལ་རྭའི་ལུག་ནི་བོད་ལུག་གི་རིགས་ཤིག་ཡིན་ཞིང་། སྟོབས་ཆེ་ཞིང་རྐང་ལག་རིང་ལ་གཟུགས་གཞི་ཆེ། ད་ཐེངས་ཀྱི་ཞིབ་འཇུག་ལ་མཚོ་སྔོན་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་གི་ཨ་ཐོ་སུའུ་ཧུའུ་དངུལ་རྭའི་ལུག་གསོ་ཚགས་ར་བའི་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་རྒྱུད་བཟང་ལུག3དང་མ་མོ1བདམས་ཤིང་། དེའི་ནང་ལྗིད་ཚད་ལ་རྒྱ་མ400ལྷག་ཙམ་ཡོད་ཅིང་ཁྲོམ་ལུག་འགྲན་བསྡུར་ནང་བྱ་དགའ་ཐེངས་མང་ཐོབ་མྱོང་བའི་དངུལ་རྭའི་ལུག་རྩེ་གྲ་ཡོད་པ་རེད།

ད་ཐེངས་ཀྱི་ཁུ་ལོན་མངལ་ཕུང་སྤོ་ཞུགས་བྱས་པའི་ལུག43ལ་ཐོག་མར་བརྟག་དཔྱད་བྱས་པ་ན་མངལ་འཁོར་ཚད58.1%ཟིན་པ་དང་། ཉིན120རྗེས་མངལ་ཆགས་ཚད37.2%ཟིན། ལུག་ཕྲུག་ཁག་ཅིག་གཅིག་རྗེས་གཉིས་མཐུད་ངང་བཙའ་རྒྱུ་རེད།

    ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་སུའུ་ཅན་མིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཁུ་ལོན་ལག་རྩལ་ལ་བརྟེན་ནས་སྤུས་ལེགས་ལུག་གི་རྒྱུད་འཛིན་ཆ་འཕྲིན་བརྒྱ་ཆ་བརྒྱ་ཡིས་འདྲ་བཟོ་བྱེད་ཆོག་པ་དང་། དེའི་རྒྱུད་འཛིན་ཐོན་ཁུངས་བེད་སྤྱོད་གང་ལེགས་དང་རྒྱ་ཆེར་བཏང་ནས་ས་གནས་དེ་གའི་ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན་བྱེད་ཐུབ་ལ། ས་གནས་དེ་གའི་གསོ་ཚགས་ལས་རིགས་འཕེལ་རྒྱས་གཏོང་ཆེད་ཚན་རྩལ་གྱི་སྟོབས་ཤུགས་མཁོ་འདོན་བྱེད་ཐུབ་ཅེས་ངོ་སྤྲོད་བྱས།