བོད་ཀྱི་བུ་མོ་འདིས་ཨེ་ཤེ་ཡའི་ཁྱོན་ལ་སྐད་གྲགས་བཞག་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-03-08   རྩོམ་ཁུངས།    阳光西藏

    ཟླ་༣པའི་ཚེས་༦ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུད་ནས་ཤེས་རྟོགས་བྱུང་བར།  ཟླ་༣པའི་ཚེས་༢ཉིན་ནས་༦བར། ༢༠༢༤ལོའི་ཨེ་ཤེ་ཡའི་གངས་ཤུད་རི་འཛེག་འགྲན་བསྡུར་དེ་ཅི་ལིན་སུང་ཧུའུ་གངས་ཤུད་ར་བར་སྤེལ་བ་དང་།  རང་ལྗོངས་ཀྱི་ལུས་རྩལ་པ་ཚེ་བརྟན་གཡུ་སྒྲོན་ལ་༢༠༢༤ལོའི་ཨེ་ཤེ་ཡའི་གངས་ཤུད་རི་འཛེག་འགྲན་བསྡུར་ཐོག་གསེར་གྱི་རྟགས་མ་༤ཐོབ་ཡོད་པ་རེད།  རང་ལྗོངས་ཀྱི་ལུས་རྩལ་པ་གཞན་རྣམས་ལ་དངུལ་གྱི་རྟགས་མ་༣དང་ཟངས་ཀྱི་རྟགས་མ་༢ཐོབ་པར་མ་ཟད།  གཞན་ཡང་ཨང་བཞི་པ་གསུམ་དང་། ཨང་ལྔ་པ་གཅིག ཨང་བདུན་པ་གཉིས། ཨང་བརྒྱད་པ་གཉིས་བཅས་ཐོབ་ཡོད་པ་རེད།   

      

        ཤེས་རྟོགས་བྱུང་བར་གཞིགས་ན།  ཐེངས་འདིའི་འགྲན་བསྡུར་ཁྲོད་ཀྲུང་གོ་དང་། ཉི་ཧོང་། ལྷོ་ཁོ་རེ་ཡ།  ཐེ་ལན་ཀྲི་བཅས་རྒྱལ་ཁབ་བཞིའི་ལུས་རྩལ་པ་༦༦ཞུགས་ཡོད། ཐེངས་འདིའི་འགྲན་བསྡུར་ཐོག་སྐྱེས་པ་དང་བུད་མེད་ཀྱི་བར་ཐག་ཐུང་ངུ་དང་ངོས་གཟར་མྱུར་རྒྱུགས། མི་སྒེར་གྱི་བྱེས་བགྲོད། མཉམ་བསྲེས་མཐུད་རྒྱུག་བཅས་རྣམ་གྲངས༧ཡོད་པ་དང་། རང་ལྗོངས་ཀྱི་ལུས་རྩལ་པ་༢༥རྒྱལ་ཁབ་ཀྱི་རུ་ཁག་ནང་ཚུད་ནས་འགྲན་བསྡུར་ལ་ཞུགས་པ་རེད།

    

        ཉིན་ཁ་ཤས་རིང་ཚ་ཚ་འུར་འུར་ངང་འགྲན་བསྡུརབྱས་པ་བརྒྱུད། རང་ལྗོངས་ཀྱི་འགྲན་ཞུགས་བདམས་ཐོན་པ་ཚེ་བརྟན་གཡུ་སྒྲོན་ལ་བུད་མེད་ཀྱི་བར་ཐག་ཐུང་ངུ་དང་ངོས་གཟར་མྱུར་རྒྱུགས། མི་སྒེར་གྱི་བྱེས་བགྲོད། མཉམ་བསྲེས་མཐུད་རྒྱུག་བཅས་རྣམ་གྲངས་བཞིའི་ཨང་དང་པོ་དང་།  བཀྲ་ཤིས་བསྟན་སྒྲོན་ལ་བུད་མེད་ཀྱི་ངོས་གཟར་མྱུར་རྒྱུགས་ཀྱི་ཨང་གཉིས་པ་དང་མི་སྒེར་གྱི་བྱེས་བགྲོད་ཀྱི་ཨང་གསུམ་པ། མཉམ་བསྲེས་རྒྱུན་མཐུད་ཀྱི་ཨང་བཞི་པ།  བུ་མོ་ཨ་ནི་ལ་བུད་མེད་མི་སྒེར་གྱི་བྱེས་བགྲོད་ཨང་གཉིས་པ་དང་ངོས་གཟར་མྱུར་རྒྱུགས་ཀྱི་ཨང་བཞི་པ།  གཡུ་སྒྲོན་ལྷ་མོར་མཉམ་བསྲེས་རྒྱུན་མཐུད་ཀྱི་ཨང་གཉིས་པ་དང་བར་ཐག་ཐུང་ངུའི་འགྲན་རྒྱུགས་ཨང་བདུན་པ། ཀུན་བཟང་རྣམ་རྒྱལ་ལ་སྐྱེས་པའི་མི་སྒེར་གྱི་བྱེས་བགྲོད་གྱི་ཨང་གསུམ་པ་དང་ངོས་གཟར་མྱུར་རྒྱུགས་ཀྱི་ཨང་བདུན་པ། བསྟན་འཛིན་ཆོས་འཕེལ་ལ་སྐྱེས་པའི་ངོས་གཟར་མྱུར་རྒྱུགས་ཀྱི་ཨང་བཞི་པ། ངག་དབང་བློ་གྲོས་ལ་སྐྱེས་པའི་བར་ཐག་ཐུང་ངུའི་ཨང་ལྔ་པ།  བསོད་ནམས་ཆོས་སྒྲོན་ལ་བུད་མེད་ཀྱི་ངོས་གཟར་མྱུར་རྒྱུགས་ཀྱི་ཨང་བརྒྱད་པ། དངོས་གྲུབ་ཚེ་རིང་ལ་སྐྱེས་པའི་མི་སྒེར་གྱི་བྱེས་བགྲོད་དང་མཉམ་བསྲེས་མཐུད་རྒྱུག་གི་ཨང་བརྒྱད་པ་བཅས་ཐོབ་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། ༢༠༢༤ལོའི་ཨེ་ཤེ་ཡའི་གངས་ཤུད་རི་འཛེག་འགྲན་བསྡུར་ནང་། ཁྱོན་བསྡོམས་རྣམ་གྲངས་༧ཡོད་པ་དང་། དེར་ཀྲུང་གོའི་རུ་ཁག་གིས་གསེར་གྱི་རྟགས་མ་༧བླངས་ཡོད་ལ། དེའི་ནང་རང་ལྗོངས་ཀྱི་ལུས་རྩལ་པ་ཚེ་བརྟན་གཡུ་སྒྲོན་ལ་གསེར་གྱི་རྟགས་མ་༤ཐོབ་ཡོད་པས་མེས་རྒྱལ་དང་བོད་ལྗོངས་ལ་གཟི་བརྗིད་ལྡན་པའི་མཚན་སྙན་གྲུབ་འབྲས་བླངས་པ་རེད། ཐེངས་འདིར་བླངས་པའི་གྲུབ་འབྲས་ཀྱིས་རང་ལྗོངས་ཀྱི་གངས་ཤུད་རི་འཛེག་རྣམ་གྲངས་ལ་མི་མངོན་པའི་སྟོབས་ཤུགས་ཡོད་པ་མཚོན་ཡོད་པར་མ་ཟད། རང་རྒྱལ་གྱིས་ལུས་རྩལ་ལ་བརྟེན་ནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་བོད་ཀྱི་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།