བོད་ལྗོངས་ཀྱིས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་65འཁོར་བར་དྲན་གསོ་ཞུས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-03-29   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

        སྤྱི་ལོ་2024ལོའི་ཟླ་བ་3ཚེས་28ཉིན་ནི་བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོ བ་པའི་དྲན་གསོའི་ཉིན་མོ་ཐེངས་16པ་དེ་ཡིན་ཞིང་། དེ་ཉིན་ལྷ་ས་གྲོང་ཁྱེར་གྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་2000ལྷག་ཙམ་གྱིས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་ཐོག་རྒྱས་འཛོམས་ཀྱིས་རྒྱལ་དར་སྒྲེང་བ་དང་། རྒྱལ་གླུ་བླངས་ནས་བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་65འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ་རེད།

        ལོ་65ཡི་གོང་དུ་བོད་ལྗོངས་སུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་སྟོང་གི་འཆིང་རྒྱ་ལས་བསྒྲལ་ཏེ་ཤར་ཕྱོགས་སུ་གནས་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་མཐའ་མའི“མཁར་རྫོང”རྦད་དེ་ཐལ་བའི་རྡུལ་དུ་བརླགས་པ་དང་། ལོ་65ཡི་གོང་དུ་མི་ཚོང་གན་རྒྱ་མེ་ལྕེ་དྲག་པོའི་ནང་བསྲེགས་ནས“རང་ཉིད་ཀྱི་གྲིབ་གཟུགས་ལས་གཞན་གང་ཡང་མེད་པའི”བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་ཡར་ལངས་བདག་པོར་གྱུར་ཡོད།

        བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྦྲ་ནག་ཞོལ་སྡེ་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོང་མི་བགྲེས་སོང་འཕྲིན་ལས་ལགས་ཀྱིས། དེ་རིང་ནི་བོད་ལྗོངས་སུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་65འཁོར་བའི་དམིགས་གསལ་གྱི་ཉིན་མོ་ཞིག་ཡིན། ལོ་ངོ་65ཡི་ནང་བོད་ལྗོངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། འགྲིམ་འགྲུལ། འཕྲོད་བསྟེན་སོགས་ཕྱོགས་གང་ས་ཅི་ཐད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ཅིང་། དེ་དག་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཐུགས་རྗེའི་བཀའ་དྲིན་ལས་བྱུང་བ་ཞིག་རེད་ཅེས་བརྗོད་པ་རེད།

        དེ་ལྟར་ལོ་65ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ལྗོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་གནམ་སར་འཐབ་ཕོད་པ་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ“དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད”ཀྱི་མི་ཡུལ་གྱི་ངོ་མཚར་བཏོད་ཡོད། ལྷག་པར་དུ་དུས་རབས་གསར་པར་སླེབས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་ལྗོངས་སུ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་འཚོགས་གནང་བ། གལ་ཆེའི་དུས་སྐབས་དང་འགག་རྩའི་དུས་མཚམས་སུ་སླེབས་རིམ་བཞིན་བོད་ལྗོངས་སུ་ཁ་ཕྱོགས་གཏན་འཁེལ་དང་ལམ་སྟོན་གནང་ནས། བོད་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད།

        བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཞོལ་སློབ་ཆུང་གི་སློབ་མ་ཚེ་བརྟན་དབྱངས་སྐྱིད་ཀྱིས། ང་ཚོའི་སློབ་གྲྭའི་ཁོར་ཡུག་མཛེས་ཤིང་སྒྲིག་བཀོད་ཆ་ཚང་ལ། སློབ་གྲྭའི་ནང་རྒྱ་ཡིག་དང་། བོད་ཡིག ཨང་རྩིས། དབྱིན་ཡིག་སོགས་འཆར་ཅན་གྱི་སློབ་ཚན་ཕུད་ད་དུང་རང་ཉིད་ཀྱི་དགའ་ཕྱོགས་དང་མཐུན་པའི་རི་མོ་དང་། རོལ་དབྱངས། གླུ་གཞས་སོགས་གང་འདོད་སྦྱོང་ས་ཡོད་པས་ཧང་ཅང་གི་སྐྱིད་པོ་འདུག་ཅེས་བརྗོད་པ་རེད།

        ད་ཆའི་བོད་ལྗོངས་སུ་སློབ་ཞུགས་གོང་གི་སློབ་གསོ་དང་། རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། རྒྱུན་མཐུད་སློབ་གསོ། དམིགས་བསལ་སློབ་གསོ་བཅས་ཁྱབ་པའི་ཅུང་ཆ་ཚང་བའི་དེང་རབས་ཅན་གྱི་སློབ་གསོའི་མ་ལག་ཅིག་ཆགས་ཡོད་པ་དང་། སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་བསྡོམས་འབོར་ཁྲི་96ཟིན་པ་དེས་བོད་ལྗོངས་ཀྱི་སྤྱིའི་མི་འབོར་གྱི་26.3%ཟིན་པ། གསར་འཕར་ངལ་རྩོལ་པའི་མི་རེའི་ཆ་སྙོམས་སློབ་གསོ་ཐོབ་པའི་ལོ་ཚད་ལོ་13.1བར་མཐོ་རུ་ཕྱིན་པ་བཅས་བྱུང་ཡོད།

        བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་ལས་འགྱུར་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ཆུང་བདག་ལགས་ཀྱིས། ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་འོག་ལ་རྒན་རྒོན་རྣམས་རྒས་ན་འཚོ་བརྟེན་ཡོད་པ་དང་། ན་ན་སྨན་བཅོས་བྱེད་ས་ཡོད་པ་སོགས་འཚོ་བའི་གང་ས་ཅི་ཐད་ལ་སེམས་ཁྲལ་གཏན་ནས་མེད་པས་ཏང་དང་རྒྱལ་ཁབ་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།

        མིག་སྔར་བོད་ལྗོངས་ཀྱིས་“ནད་ཆེན”རིགས་400ལྷག་ཙམ་བོད་ལྗོངས་རང་ནས་བཅོས་ཐུབ་པ་དང་། “ནད་འབྲིང”རིགས་2400ལྷག་ཙམ་གྲོང་ཁྱེར་དང་ས་ཁུལ་ནས་བཅོས་ཐུབ་པ། རྒྱུན་མཐོང“ནད་ཆུང”རྫོང་རིམ་པའི་སྨན་ཁང་ནས་དུས་ཐོག་ཏུ་བཅོས་ཐུབ་པ། སྤྱི་ཚོགས་འགན་བཅོལ་ནང་ཞུགས་ཚད་98%ཡན་རྒྱུན་འཁྱོངས་བརྟན་པོ་ཐུབ་པ། སྒྲིག་ཁོངས་སུ་ཡོད་པའི་གྲྭ་བཙུན་ལ་སྨན་བཅོས་འགན་བཅོལ་དང་། རྒན་གསོའི་འགན་བཅོལ། མ་མཐའི་འགན་སྲུང་། བསམ་ཡུལ་ལས་འདས་པའི་རྨས་སྐྱོན་འགན་བཅོལ། བདེ་ཐང་བརྟག་དཔྱད་བཅས་ཡོངས་ཁྱབ་བྱུང་བ། གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་ལོ་9བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

        བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྗེ་འབུམ་སྒང་ཁྲོམ་གཞུང་ལྕགས་པོ་རེ་སྡེ་ཁུལ་གྱི་ཨུ་ཡོན་ལྷན་ཁང་གི་ལས་དོན་པ་བསྟན་འཛིན་ནོར་བུས། ལྷ་སའི་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་རྣམས་དམིགས་གསལ་གྱི་ཉིན་མོ་འདིར་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འཛོམས་ནས་རྒྱལ་དར་བསྒྲེང་བ་དང་རྒྱལ་གླུ་ལེན་པའི་འཛད་སྒོ་འདི་ལྟ་བུར་རང་ཉིད་ཞུགས་རྒྱུ་བྱུང་བར་སེམས་ནང་དགའ་པོ་དང་ཧ་ཅང་གི་སྣང་བ་སྐྱིད་པོ་འདུག་ཅེས་བརྗོད་པ་རེད།

        ད་ཆའི་བོད་ལྗོངས་སུ་ཏང་གི་བྱ་གཞག་གཅིག་རྒྱུན་གཅིག་འཛིན་དང་བོད་སྐྲུན་བོད་དར་རྒྱུན་འཛིན་གྱི་མདུན་དུ་བསྐྱོད་བཞིན་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱང་ལམ་གསར་པར་བོད་ལྗོངས་ཀྱི་ལས་རིགས་ཁག་དང་མི་རིགས་ཁག་གི་མང་ཚོགས་ཚོས་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་དྲིན་ཚོར་ཡར་བརྩོན་བྱས་ཏེ“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་གཟི་བརྗིད་ལས་འགན་མཐའ་གཅིག་ཏུ་ཁུར་ནས“དོན་ཆེན་བཞིའི”སྤྱི་ཡོངས་རང་བཞིན་གྱི་ངེས་གནས་དང་། ཁྱོན་ཡོངས་ཀྱི་བླང་བྱ། བརྒྱུད་རིམ་ཧྲིལ་པོའི་ཁྲིད་སྟོན་བཅས་སུ་བརྩིས་ནས་བོད་ལྗོངས་ཀྱི་བྱ་གཞག་ཁག་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་འོད་སྟོང་གསར་པ་སླར་ཡང་གཏོད་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད།

        དམིགས་གསལ་གྱི་དུས་དྲན་དེ་དྲན་ཐོར་འགོད་བཞིན་པ།