རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-22   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།
དཔེ་དེབ་ཀློག་པའི་དོན་སྙིང་ག་རེ་རེད་དམ། དཔེ་དེབ་ཀློག་དགོས་དོན་ག་རེ་ཡིན་ནམ། དཔེ་དེབ་ཇི་ལྟར་ཀློག་དགོས་སམ།
རྩོམ་པ་པོ་གྲགས་ཅན་ལུའུ་ཤུན་དང་། རྩོམ་རིག་མཁས་ཅན་དང་སློབ་གསོ་མཁས་ཅན་ཡེ་ཧྲེང་ཐའོ། “མི་དམངས་ཀྱི་སྒྱུ་རྩལ་མཁས་ཅན”རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ཝང་མོང་། ཀྲུང་དབྱང་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་བསླབ་པ་རྒན་གྲས་ཡེ་ཅ་དབྱིང་བཅས་ཀྱིས་དཔེ་ཀློག་ཐད་ལ་བཀའ་སློབ་འདི་ལྟར་གནང་འདུག
ལུའུ་ཤུན་གྱིས་གསུངས་དོན། དཔེ་ཀློག་ལ་དགའ་བའི་གཞོན་ནུ་ཞིག་ཡིན་ཕྱིན་སློབ་དེབ་ཕུད་པའི་དཔེ་དེབ་གཞན་དག་ཡིན་གཅིག་ལྟ་དགོས།
དཔེ་ཀློག་ལ་དགའ་བའི་གཞོན་ནུ་ཞིག་ཡིན་ཕྱིན། རང་སྐལ་ཕུད་པའི་དཔེ་དེབ་ངེས་པར་དུ་ཀློག་དགོས་ཤིང་། སློབ་དེབ་ཁོ་ནར་མགོ་འཁོར་ནས་མ་བསྡད་པར་དཔེ་དེབ་གཞན་དག་ཀྱང་ལྟ་དགོས། རང་སྐལ་དུ་བབས་པའི་སྦྱོང་ཚན་བྲིས་ཚར་ནས་ཁོམ་པ་ཡོད་ཕྱིན། དཔེ་དེབ་སྣ་ཚོགས་ཀློག་དགོས་ཤིང་། དེ་རང་འཁྲིའི་ལས་ཀ་དང་འབྲེལ་བ་གཏན་ནས་མེད་ཀྱང་མང་དུ་ཀློག་དགོས།
མདོར་ན། ངའི་བསམ་ཚུལ་ནི་སྟབས་བདེ་མོ་ཞིག་ཡིན། ང་ཚོས་རང་འགུལ་ངང་རང་ཉིད་དགའ་བའི་དཔེ་དེབ་ཅིག་འདེམས་སྐབས། གཞན་ལ་སྐད་ཆ་འདྲི་བ་ནི་ཕལ་ཆེ་བ་ངལ་བ་འབྲས་མེད་ལྟ་བུ་རེད། སྔོན་ལ་དཔེ་དེབ་དེ་ཞིབ་མོར་བཀླགས་རྗེས་རང་ཉིད་དགའ་ཞེན་ཆེ་བའམ་ཡང་ན་ཅུང་བྱང་ཆ་ཆེ་བའི་རིག་ཚན་གཅིག་གམ་དེ་ལས་མང་བ་འདེམས་དགོས། འོན་ཀྱང་ནང་དོན་གཅིག་ཁོ་ན་བཀླགས་ནས་བསྡད་ནའང་སྐྱོན་ཆ་ཡོད་པས། ངེས་པར་དུ་དངོས་ཡོད་སྤྱི་ཚོགས་དང་འབྲེལ་གཏུག་བྱས་ཏེ་ལག་ལེན་ཁྲོད་དུ་སྤྱོད་ཐུབ་པ་བྱེད་རྒྱུ་དེ་ཧ་ཅང་གལ་འགངས་ཆེན་པོ་རེད།
ཡེ་ཧྲེང་ཐའོ་ཡིས་བརྗོད་དོན། དཔེ་དེབ་བཀླགས་ནས་སྦྱངས་པ་གོ་ཆོད་ཡོང་བ་བྱེད་དགོས།
དཔེ་དེབ་ཀློག་སྐབས་ལྟ་སྟངས་འཛིན་སྟངས་གསུམ་ཡོད་དེ། གཅིག་ནི་རྦད་དེ་ཡིད་ཆེས་དང་ལེན་བྱས་ཏེ་དཔེ་དེབ་ཏུ་འཁོད་པ་རྣམས་བདེན་དོན་སྙོན་མེད་དུ་བརྩི་བ་དེ་རེད། གཅིག་ནི་འགག་རྒྱག་སྐྱོན་བརྗོད་ཀྱི་ལྟ་སྟངས་བཟུང་སྟེ་འཚོ་བ་དངོས་ཀྱིས་ཞིབ་བཤེར་བྱེད་དགོས་ཅིང་། གལ་ཏེ་འཚོ་བ་དངོས་ལ་ཕན་ཐོགས་ཡོད་ན་དེ་ལེན་པ་དང་ཕན་ཐོགས་མེད་ན་དོར་དགོས་པ་དེ་རེད། གཞན་དེ་ནི་དོན་སྙིང་དངོས་མ་ཤེས་པ་དེ་རེད། དཔེ་དེབ་ནང་ནས་གང་ཞིག་སྦྱངས་ཐུབ་པ་དེ་རང་ཉིད་ཀྱི་མཛེས་རྒྱན་ལྟ་བུར་བརྩིས་ཏེ་གཞན་དང་གླེང་མོལ་བྱེད་སྐབས་ཤེས་ཡོན་ཡོད་མདོག་ཏུ་རློམ་ནས་གཞན་གྱི་མཐོང་ཆུང་གཟེད་མི་དགོས་པ་དེ་རེད།
གཞོན་ནུ་ཚོས་ལྟ་སྟངས་གཉིས་པ་དེ་བཟུང་དགོས་ལ་བཟུང་དགོས་ངེས་ཀྱང་རེད། འཚོ་བ་དངོས་ཀྱི་དཀའ་གནད་སེལ་རྒྱུ་དེ་དམིགས་ཡུལ་ཡིན་པ་དང་། ཤེས་ཡོན་ལ་སྦྱངས་པ་བྱེད་པ་དེ་ནི་དམིགས་ཡུལ་དེ་འགྲུབ་པའི་ཐབས་ལམ་མང་པོའི་ཁྲོད་ཀྱི་གྲས་ཤིག་ཡིན་པ་ཤེས་དགོས། ལྟ་སྟངས་དེ་གཏིང་ཚུགས་པ་ཞིག་མ་ཡིན་ཀྱང་ཤེས་ཡོན་སྦྱངས་པའི་ཕན་ནུས་ཅི་ཡིན་མ་ཤེས་པའི་གཞོན་ནུ་ཚོའི་ངོས་ནས་བརྗོད་ན་ཕན་ཤོས་དེ་རེད།
ཝང་མོང་གིས་གསུངས་དོན། ཆུང་བྱིས་པའི་དུས་ནས་དཔེ་ཀློག་ལ་གོམས་དགོས། ཆུང་བྱིས་པའི་དུས་ནས་དཔེ་ཀློག་ལ་གོམས་དགོས་ཞེས་པ་དེར་ནང་དོན་གཉིས་འདུས་ཡོད། གཅིག་ནི་བྱིས་དུས་དང་ལོ་ན་ཆུང་དུས་ངེས་པར་དུ་དཔེ་དེབ་མང་ཙམ་ལྟ་དགོས། 《ཐང་རྒྱལ་རབས་ཀྱི་སྙན་ངག་སུམ་བརྒྱ་བ》དང《མཁས་མཆོག་སྙན་ངག》ཡིན་ནའང་འདྲ་ཡང་ན《ལའོ་ཙེའི་གསུང་རབ》དང《ཀྲོང་ཙེའི་གསུང་རབ》སོགས་དུས་ད་ལྟའང་དར་ཁྱབ་ཆེ་བའི་དཔེ་དེབ་མང་པོ་ཞིག་ང་རང་བྱིས་པའི་དུས་ནས་བཀླགས་པ་ཤ་སྟག་རེད། གཉིས་ནི་དཔེ་དེབ་གང་མང་མང་ལྟ་བ་དང་གང་སྔ་སྔ་ནས་ལྟ་བ་དེ་རེད། དེ་ནི་མི་ལ་ལས་དཔེ་ཀློག་ལ་གོམ་པ་རིམ་བགྲོད་ཀྱིས་འཇུག་དགོས་པའི་ལྟ་ཚུལ་དང་རྦད་དེ་ཐ་དད་རེད། གང་ཡིན་ཟེར་ན། ང་རང་ན་སོ་གཞོན་པའི་སྐབས་དང་ཐ་ན་དེའི་རྗེས་སུའང་དཔེ་དེབ་ཅིག་30%ནས་40%བར་གོ་བ་ལེན་ཐུབ་ན་ལྟ་རྐྱང་བྱེད་པའི་གོམས་གཤིས་ཤིག་ཡོད། དཔེ་དེབ་ལྟ་བའི་བརྒྱུད་རིམ་དང་རྦད་དེ་བལྟས་ཚར་རྗེས་སྤྱིར་ན་50%ནས་60%བར་གོ་བ་ལེན་ཐུབ་ཀྱི་རེད། གལ་ཏེ་ང་ཡིས་གོ་བ་ལོན་ཚད་དེ་ལྟ་བུ་ཞིག་ཏུ་སླེབས་ན། ནམ་ཞིག་བསྐྱར་དུ་ལྟ་སྐབས་སྤྱིར་ན་80%ནས་90%བར་དང་ཐ་ན་100%གོ་བ་ལེན་ཐུབ།
ཡེ་ཅ་དབྱིང་གིས་གསུངས་དོན། སྲོལ་རྒྱུན་རིག་གནས་ཀྱིས་འཚོ་བའི་བློ་སྒོ་འབྱེད་ཐུབ།
ཆུང་དུས་རྒན་རབས་ཚོས་ང་ལ་ཁྱིམ་དུ་སྲོལ་རྒྱུན་གྱི་གསུང་རབ་སློབ་ཀྱི་ཡོད། དེབ་དང་པོ་དེ་ནི《ཁུང་ཙེའི་གསུང་སྒྲོས》རེད། རྒན་རབས་ཚོས་ཚིག་དང་ཡིག་འབྲུ་རེ་རེ་བཞིན་དུ་མི་སློབ་པར་ང་ལ་མི་བྱེད་སྟངས་བསླབ་རྒྱུ་དེ་གལ་ཆེ་བར་བཟུང་བ་མ་ཟད། ངག་སྐྱོར་གཏོང་བར་དོ་སྣང་ཧ་ཅང་ཆེན་པོ་བྱེད། དེས་ཕྱིས་སུ་ང་རང་དཀའ་ངལ་དང་སོམ་ཉིའི་གནས་སུ་གྱར་སྐབས《ཁུང་ཙིའི་གསུང་སྒྲོས》ནང་གི་ལེགས་བཤད་རྟག་ཏུ་ལྷང་ངེར་དྲན་ནས་ཕན་ཐོགས་ཆེན་པོ་འདུག
ན་ཚོད་ཆེ་རུ་སོང་བ་དང་བསྟུན་ནས་སྲོལ་རྒྱུན་གྱི་གསུང་རབ་ལ་སྦྱངས་པ་བྱེད་ཚད་ཀྱང་རིམ་བཞིན་གཏིང་ཟབ་ཏུ་སོང་ཡོད། གསུང་རབ་གྲགས་ཅན་དེ་དག་ཏུ་སྔོན་བྱོན་མེས་པོའི་བསམ་བློ་དང་། བརྩེ་སེམས། འདུན་པ་བཅས་འདུས་པས་ཀྲུང་ཧྭའི་རིག་གནས་ཀྱི་རྩ་ཆེའི་ནོར་བུ་ཤ་སྟག་རེད། འོན་ཀྱང་གཞུང་ཚིག་མང་དུ་བཟུང་ནས་བསྐྱར་ནའང་། དོན་ལ་མི་སེམས་རིམ་གྲོ་ཆོས་ཀློག་དང་། ནེ་ཙོའི་འདོན་པ་ལྟ་བུ་བརྒྱ་ཚར་གྱིས། བརྗོད་བྱའི་གནད་ལ་སྒྲོ་འདོགས་མི་ཆོད་པ། དོན་ལ་བརྟག་དཔྱད་ཟབ་མོ་གྱིས་ཤིག་ཨང་ཞེས་པ་ལྟར་བློར་འཛིན་རྐྱང་བྱེད་པས་མི་ཆོག་པར་དོན་ལ་བསམ་གཞིག་ཞིབ་མོ་བྱེད་དགོས་པའི་གནས་ལུགས་དེ་དག་རང་ཉིད་ཀྱི་མི་ཚེའི་འགྲོགས་སུ་འགྱུར་བ་བྱེད་རྒྱུ་དེ་ནི་ད་གཟོད་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ངོ་མ་དེ་རེད། ང་རང་ཐོག་མར་ཕྱི་རྒྱལ་དུ་སློབ་ཚན་ཁྲིད་སྐབས་ངའི་དབྱིན་ཡིག་དེ་ཙམ་ཡག་པོ་མེད་ཀྱང་སློབ་མ་ཚོས་ངའི་སློབ་ཚན་ཉན་རྒྱུར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། དེ་ནི་ཁོང་ཚོས་སྙན་ངག་དང་ཚིག་རྒྱན་ཁྲོད་ནས་མི་ཚེའི་དོན་སྙིང་དང་ངོ་བོ་ཤེས་པས་རེད།