ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བའི་ཐད་ཞི་ཅིན་ཕིང་གིས…

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-25   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར་གྱི་བོད་ཡིག་སྨྱན་སྦྱོར།

        ཚེས་23ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲུང་ཆིང་དུ་དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། ནུབ་རྒྱུད་ས་ཁུལ་གྱིས་རྒྱལ་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད་པས། ཐོག་མཐའ་བར་གསུམ་དུ་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བའི་ཏང་ཀྲུང་དབྱང་གི་སྲིད་ཇུས་དང་བྱེད་ཐབས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ། སྲུང་སྐྱོང་ཆེན་པོ་དང་། སྒོ་འབྱེད་ཆེན་པོ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་རྣམ་པ་གསར་པ་སྔར་བས་གྲུབ་པར་བྱེད་པ་དང་ས་ཁོངས་ཧྲིལ་པོའི་སྟོབས་ཤུགས་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ལེའུ་གསར་པ་རྩོམ་དགོས།

        ཞི་ཅིན་ཕིང་གིས་བསྟན་དོན། ཏང་ཀྲུང་དབྱང་གིས་དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་རྣམ་པ་གསར་པ་གྲུབ་པར་སྐུལ་འདེད་གཏོང་བའི་བཀོད་སྒྲིག་གནང་ནས་ལོ་5སོང་རིང་། ནུབ་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སླར་གསོར་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། སྒོ་དབྱེ་རྣམ་པའི་དཔལ་འབྱོར་གྱི་རྣམ་པ་མགྱོགས་མྱུར་གྲུབ་པ། རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ཆེས་ཆེར་ལེགས་སུ་ཕྱིན་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ། དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་པ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་བསྐྱོད་ཡོད། དེ་དང་ཆབས་ཅིག་ནུབ་རྒྱུད་ས་ཁུལ་གྱི་འཕེལ་རྒྱས་ཐད་སྔར་བཞིན་དཀའ་ངལ་དང་འགྲན་སློང་མི་ཉུང་བ་ཞིག་འཕྲད་བཞིན་ཡོད་པ་མཐོང་ཐུབ་པ་བྱས་ནས་ཞིབ་འཇུག་དང་ཐག་གཅོད་ཏན་ཏིག་བྱེད་དགོས།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བ་མཐའ་འཁྱོངས་བྱ་རྒྱུ་ཤུགས་རྒྱག་ས་གཙོ་བོར་བྱེད་པ་དང་ཡུལ་བབ་དང་བསྟུན་ནས་གསར་དར་ཐོན་ལས་འཕེལ་རྒྱས་བཏང་སྟེ་ནུབ་རྒྱུད་ས་ཁུལ་གྱི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་བྱེད་མགྱོགས་སུ་གཏོང་དགོས། ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་དགོས། སྒོ་འབྱེད་ཆེན་པོས་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བྱས་ཏེ་ནུབ་རྒྱུད་ས་ཁུལ་གྱི་ནང་ཁུལ་དང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་ཆུ་ཚད་མཐོ་རུ་གཏོང་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ནུས་རྒྱུའི་ཐོན་ཁུངས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་འགན་ལེན་ནུས་པ་ཆེ་རུ་གཏོང་དགོས། གྲོང་ཁྱེར་གྲོང་རྡལ་དཔེ་གསར་ཅན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་ཁྲོད་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་མཐའ་འཁྱོངས་བྱས་ཏེ་མི་རིགས་མཐུན་སྒྲིལ་དང་མཐའ་མཚམས་བརྟན་ལྷིང་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་དབྱང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་གིས་སྤྱི་འདོམས་མཐུན་སྦྱོར་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་དགོས་ལ། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱིས་དམིགས་སའི་རང་བཞིན་གྱི་སྲིད་ཇུས་དང་བྱེད་ཐབས་ཞིབ་འཇུག་བྱས་ནས་འདོན་དགོས། ནུབ་རྒྱུད་ས་ཁུལ་གྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བྱེད་པོའི་འགན་འཁྲི་ཁུར་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས། ཤར་རྒྱུད་དང་ནུབ་རྒྱུད་ཀྱི་མཉམ་ལས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཁ་གཏད་རོགས་སྐྱོར་དང་དམིགས་འཛུགས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་ཏང་གི་སྒྲིག་ཁྲིམས་ཀྱི་སློབ་སྦྱོང་སློབ་གསོ་སྤེལ་བར་དམ་འཛིན་ཡག་པོ་བྱས་ཏེ། ཕྱི་ཚུལ་རིང་ལུགས་མུ་མཐུད་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་དགོས། ཐབས་ཇུས་འགོད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྲིད་ཇུས་གལ་ཆེན་དང་ལྷག་པར་དུ་དམངས་འཚོ་དང་འབྲེལ་བ་ཡོད་པའི་སྲིད་ཇུས་མི་འདོན་གོང་རིགས་པས་ཁུངས་སྐྱེལ་དང་ཉེན་ཁར་ཚོད་སྐོར་བྱེད་དགོས་ལ། ལག་ལེན་བསྟར་རིང་གནད་དོན་ཐོན་ཚེ་དུས་ཐོག་ཏུ་བརྟག་དཔྱད་དང་བློ་ཐག་ཆོད་པོས་ཐག་གཅོད་བྱེད་དགོས། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་ཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་ལ་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་ཅིག་བསྐྲུན་པ་དང་དཔྱད་ཞིབ་ལྕག་སྐུལ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། གཞི་རིམ་གྱི་ལས་བྱེད་པ་དང་ལྷག་པར་དུ་ཆ་རྐྱེན་ཞན་པའི་ས་ཁུལ་གྱི་ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་བཅས་བྱས་ནས་ལས་བྱེད་པས་འབད་འབུངས་ཡར་བརྩོན་དང་། བློ་ཁོག་ཆེན་པོས་གསར་འབྱེད། ཐེག་པ་ཁུར་ལེན་བཅས་བྱ་རྒྱུར་ལྕག་སྐུལ་བྱེད་དགོས།