ཞི་ཅིན་ཕིང་གིས་ཧྥ་རན་སེར་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-07   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།

    ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ཕ་རི་སིར་ཕེབས་འབྱོར་ཟིན་པ་དང་། ཧྥ་རན་སེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་མཱ་ཁེ་ལུང་གི་གདན་ཞུས་ལྟར་ཧྥ་རན་སེར་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ་རེད།

    ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ཕ་རི་སིའི་ཨའོ་ལི་གནམ་ཐང་དུ་འབྱོར་སྐབས། ཧྥ་རན་སེའི་ཙུང་ལི་ཨ་ཐར་སོགས་ཧྥ་རན་སེའི་སྲིད་གཞུང་གི་མཐོ་རིམ་འཐུས་མིས་སྤྲོ་སེམས་འཁོལ་བའི་ངང་བསུ་བ་ཞུས་པ་རེད།

图片

ཞི་ཅིན་ཕིང་ཕ་རི་སིའི་ཨའོ་ལི་གནམ་ཐང་དུ་འབྱོར་སྐབས་ཧྥ་རན་སེའི་ཙུང་ལི་ཨ་ཐར་སོགས་ཧྥ་རན་སེའི་སྲིད་གཞུང་གི་མཐོ་རིམ་འཐུས་མིས་སྤྲོ་སེམས་འཁོལ་བའི་ངང་ཕེབས་བསུ་ཞུ་བཞིན་པ།

    ཞི་ཅིན་ཕིང་གིས་ཡིག་ཐོག་གི་གསུང་བཤད་གནང་ཞིང་། ཁོང་གིས་བསྟན་དོན། ཧྥ་རན་སེར་རྒྱལ་དོན་འཚམས་འདྲི་ཐེངས་གསུམ་པ་བྱ་རྒྱུ་བྱུང་བ་དང་དང་ཧྥ་རན་སེའི་མི་དམངས་དང་མཉམ་དུ་ཀྲུང་ཧྥའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་རྒྱུ་བྱུང་བར་ང་རང་ཧ་ཅང་དགའ་པོ་བྱུང་། ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་ཤེས་དཔལ་གྱི་མཚོན་བྱེད་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཀྲུང་ཧྥའི་དབར་དུས་ཡུན་རིང་པོའི་ནང་ཕན་ཚུན་ཡི་རང་དང་དགའ་ཞེན་བྱེད་ཀྱི་ཡོད། ལོ་60ཡི་གོང་ཀྲུང་ཧྥ་རྒྱལ་ཁབ་གཉིས་ཀྱིས་འཇམ་འཐབ་ཀྱི་བཀག་རྒྱ་ལས་བསྒྲལ་ནས་གཞུང་ཚབ་ཆེ་མོ་བ་རིམ་པའི་ཕྱི་འབྲེལ་བཙུགས་ཡོད། ལོ་60ཡི་རིང་ཀྲུང་ཧྥའི་དབར་གྱི་འབྲེལ་བ་དེ་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་དབར་གྱི་འབྲེལ་བའི་མདུན་གྲལ་དུ་སྐྱོད་བཞིན་ཡོད། ཀྲུང་ཧྥའི་འབྲེལ་བ་ཡག་ཏུ་ཕྱིན་པ་ལས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་བསྐྲུན་པ་མ་ཟད། ཡོ་འཁྱོམ་ཆེ་བའི་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་དྲང་ནུས་ཀྱང་བསྣན་ཡོད། འཚམས་འདྲི་བྱེད་རིང་ངས་ཙུང་ཐུང་མཱ་ཁེ་ལུང་དང་མཉམ་དུ་དུས་བབ་གསར་པའི་འོག་ཀྲུང་ཧྥ་དང་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་འཕེལ་རྒྱས་དང་། དེ་བཞིན་མིག་སྔའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱ་རྒྱུ་ཡིན། ངས་ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་གྱི་མཛའ་འབྲེལ་སྲ་བརྟན་དུ་གཏོང་བ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ། འཐབ་ཇུས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བ། ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་པ་དང་། ལོ་རྒྱུས་ཀྱི་དཔལ་འབར་ལ་བརྟེན་ནས་མདུན་སྐྱོད་ཀྱི་ལམ་བུ་གསལ་བར་བྱས་ཏེ་ཀྲུང་ཧྥའི་འབྲེལ་བའི་འབྱུང་འགྱུར་སྔར་བས་མཛེས་སྡུག་ལྡན་པ་ཞིག་བཏོད་ནས་འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ལ་ལེགས་སྐྱེས་གསར་པ་འབུལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།

    ཞི་ཅིན་ཕིང་མགྲོན་ཁང་དུ་ཕེབས་པའི་ལམ་བར་དུ་ཕྱི་ཁོངས་ཀྲུང་གོ་བ་དང་། ཕྱིར་སྡོད་རང་མི། ཀྲུང་གོའི་ཕྱི་སྦྱོང་སློབ་མ་བཅས་ཀྱིས་རང་འགུལ་ངང་ཕེབས་ལམ་གྱི་གཞོགས་གཡས་གཡོན་དུ་བསྒུགས་ནས“ཀྲུང་ཧྥའི་མཛའ་གྲོགས་ཁྲི་ལོར་བརྟན་པར་ཤོག”ཅེས་པ་དང“ཀྲུའུ་ཞི་ཞི་ཅིན་ཕིང་ཧྥ་རན་སེར་འཚམས་འདྲིར་ཕེབས་པར་ཐུགས་གྲ་ལེགས་འགྲིག་ཡོང་བ་ཤོག”ཅེས་པ་སོགས་འཕྲེད་འགེལ་སྦྱར་ཡིག་དམར་པོ་མཐོན་པོར་སྒྲེང་བ་དང་ཀྲུང་ཧྥའི་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་གཏོང་བ། དེ་བཞིན་རྔ་རྡུང་བ་དང་སེང་རྩེད་རྩེ་བ་བཅས་བྱས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་ཧྥ་རན་སེར་འཚམས་འདྲི་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།