ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་མཇལ་མོལ་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-07   རྩོམ་ཁུངས།    中央广播电视总台藏语

    ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་རི་སིའི་ཨའེ་ལི་ཧྲེ་ཕོ་བྲང་དུ་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་མཇལ་མོལ་གནང་བ་རེད། 

    ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཧྥ་རན་སེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་60འཁོར་བའི་སྐབས་འདིར་ཧྥ་རན་སེར་རྒྱལ་དོན་འཚམས་འདྲི་ཞུ་བར་ཐེངས་གསུམ་པ་དེ་བཅར་ཐུབ་པར་དགའ་སྤྲོ་ཆེན་པོ་བྱུང་། ཀྲུང་གོ་དང་ཧྥ་རན་སེའི་འབྲེལ་བའི་ལོ་ངོ་60ཡི་རྩ་ཆེའི་བརྒྱུད་རིམ་དེས་ང་ཚོས་གོམ་སྟབས་རྗེས་མའི་ལོ་60དེ་གང་འདྲ་བྱས་ནས་འགོ་འཛུགས་རྒྱུར་བསམ་གཞིག་བྱེད་དུ་བཅུག་ཡོད། མིག་སྔར་འཛམ་གླིང་ཐོག་ལོ་བརྒྱའི་ནང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འགྲོ་བའི་དུས་བབ་འོག ཕྱོགས་གཉིས་པོས་རང་བཙན་རང་བདག་དང་ཕན་ཚུན་བསམ་ཤེས། མཐོ་སར་བསྡད་ནས་རྒྱང་རིང་ལ་བལྟ་བ། གཉིས་ཕན་མཉམ་རྒྱལ་བཅས་ཕྱི་འབྲེལ་བཙུགས་པའི་ཐོག་མའི་བསམ་འདུན་བརྟན་སྲུང་བྱ་དགོས་པ་དང་ཆབས་ཅིག དེར་དུས་རབས་ཀྱི་ནང་དོན་གསར་པ་བསྣན་ནས། དུས་སྐབས་གསར་པར་ཕན་ཚུན་ཡིད་ཆེས་བརྟན་པོ་བྱེད་པ་དང་། དྲང་སྲུང་གསར་གཏོད། འགན་འཁྲི་འཁུར་ནས་བྱས་རྗེས་འཇོག་པ་བཅས་ཀྱི་ཀྲུང་གོ་དང་ཧྥ་རན་སེའི་འབྲེལ་བ་གཏོད་དགོས། ཕྱོགས་གཉིས་པོས་རང་བཙན་རང་བདག་རྒྱུན་འཁྱོངས་བྱས་ནས། “འཇམ་འཐབ་གསར་པའམ” ཤོག་ཁག་ཁ་གཏད་དུ་ལངས་རྒྱུར་ཐུན་མོང་ཐོག་བཀག་འགོག་བྱ་དགོས་པ་དང་། ཕན་ཚུན་བསམ་ཤེས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཚོན་མདངས་རྣམ་པར་བཀྲ་བའི་འཛམ་གླིང་གི་ཞི་མཐུན་མཉམ་གནས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་ཤིང་། མཐོ་སར་བསྡད་ནས་རྒྱང་རིང་ལ་བལྟ་རྒྱུ་རྒྱུན་འཁྱོངས་བྱས་ནས། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣ་མང་ཅན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་པ། གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ནས། ཕན་ཚུན་འབྲེལ་ཐག་གཅོད་པའི་རིགས་ལ་ཐུན་མོང་ཐོག་ངོ་རྒོལ་བྱ་དགོས་ཞེས་བསྟན་གནང་ཡོད།

图片

    ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ནས་ཧྥ་རན་སེའི་དབར་འཐབ་ཇུས་ཀྱི་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ཐོག ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་བརྩི་བཀུར་དང་། ཕྱོགས་གཉིས་འབྲེལ་བའི་འཐབ་ཇུས་བརྟན་ལྷིང་སྲ་བརྟན་ཡོང་བ་བྱེད་པ། གཉིས་ཕན་མཉམ་ལས་ཀྱི་གོང་འཕེལ་གཏོང་གཞི་ཆེན་པོ་སྔོག་འདོན་བྱེད་པ། ཕྱོགས་གཉིས་པོའི་ཉོ་ཚོང་ལེགས་སུ་དང་དོ་སྙོམས་ཡོང་བ་བཅས་བྱེད་འདོད་ཡོད། ཀྲུང་གོས་ཧྥ་རན་སེའི་སྤུས་ལེགས་ཐོན་རྫས་དེ་བས་མང་བ་ནང་འདྲེན་བྱས་ནས། “ཧྥ་རན་སེའི་ཞིང་ར་ནས་ཀྲུང་གོའི་གསོལ་ཅོག་བར”གྱི་སྒྲིག་གཞིར་དངོས་གཉེར་གྲུབ་འབྲས་དེ་བས་མང་བ་ཐོབ་པ་བྱེད་འདོད་ཡོད། ཧྥ་རན་སེས་ཀྲུང་གོར་ལག་རྩལ་མཐོ་བ་དང་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས་དེ་བས་མང་བ་ཕྱིར་འཚོང་བྱ་རྒྱུའི་རེ་བ་ཡོད། ཕྱོགས་གཉིས་པོས་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས། མཁའ་འགྲུལ་མཁའ་སྐྱོད་སོགས་སྲོལ་རྒྱུན་གྱི་བཟང་ཆ་ལྡན་པའི་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས་པ་དང་། ཉིང་རྡུལ་ནུས་པ་དང་། གསར་གཏོད། དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། སྦགས་མེད་ནུས་རྒྱུ་དང་། རིག་ནུས་བཟོ་སྐྲུན། སྐྱེ་དངོས་སྨན་རྫས། མི་ཐབས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོས་བཟོ་སྐྲུན་ལས་རིགས་ཀྱི་ཞུགས་འཐུས་ཁྱོན་ཡོངས་ནས་སྒོ་ཕྱེ་ཟིན་ཡོད་པ་དང་། གློག་འཕྲིན་དང་སྨན་བཅོས་སོགས་ཞབས་ཞུའི་ལས་རིགས་ཀྱི་ཁྲོམ་རའི་ཞུགས་འཐུས་ཀྱི་སྒོ་མོ་གང་མགྱོགས་དབྱེ་རྒྱུ་ཡིན་པས། ཧྥ་རན་སེའི་ཁེ་ལས་དེ་བས་མང་བ་ཀྲུང་གོར་མ་འཇོག་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ། ཧྥ་རན་སེས་ཀྲུང་གོའི་ཁེ་ལས་ཧྥ་རན་སེར་མ་འཇོག་མཉམ་ལས་བྱེད་པར་ཡོང་སྐབས་ཚོང་གཉེར་ཁོར་ཡུག་ལེགས་པོ་དང་གོང་འཕེལ་གྱི་སྔོན་དཔག་བརྟན་པོ་མཁོ་འདོན་བྱ་རྒྱུའི་རེ་བ་ཡང་ཞུ་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཧྥ་རན་སེ་གཉིས་ཀ་ནི་རིག་གནས་རྒྱལ་ཁབ་ཆེན་པོ་ཡིན་པས། ཕྱོགས་གཉིས་པོས་ཕན་ཚུན་དབར་མི་ཆོས་རིག་གནས་ཁྱབ་ཁོངས་ཀྱི་སྤེལ་རེས་བྱ་རྒྱུ་མགྱོགས་སུ་གཏོང་བ་དང་། ཀྲུང་གོ་དང་ཧྥ་རན་སེའི་རིག་གནས་ཡུལ་སྐོར་ལོའི་བྱེད་སྒོ་ཁག་མུ་མཐུད་ལེགས་པོ་གཉེར་བ། རིག་དངོས་ལ་མཉམ་འབྲེལ་སྲུང་སྐྱོབ་དང་ཉམས་བཟོ་བྱེད་པའི་ལས་དོན་དང་འཛམ་གླིང་ཤུལ་བཞག་གནས་མཆོག་ཕན་ཚུན་གྲོགས་སྒྲིག་པ་སོགས་ཀྱི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། ཀྲུང་གོས་གྲོགས་པོ་ཧྥ་རན་སེ་བ་དེ་བས་མང་བ་ཀྲུང་གོར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་དང་། ཧྥ་རན་སེ་སོགས་རྒྱལ་ཁབ་12ཀྱི་སྤྱི་དམངས་དུས་ཐུང་ནང་ཀྲུང་གོར་ཡོང་བར་འཐུས་མཆན་འགོད་མི་དགོས་པའི་སྲིད་ཇུས་དེ་2025ལོའི་ལོ་མཇུག་བར་སྣུར་སྲིང་བྱ་རྒྱུ་དང་། མ་འོངས་པའི་ལོ་གསུམ་ནང་ཀྲུང་གོར་སླེབས་པའི་ཧྥ་རན་སེའི་ཕྱི་འགྲིམ་སློབ་མ་ཁྲི་1ལས་བརྒལ་བ་བྱ་རྒྱུ། ཡོ་རོབ་གླིང་གི་གཞོན་ནུ་ལོ་ཆུང་ཀྲུང་གོར་སྤེལ་རེས་སུ་ཡོང་བའི་གཞི་ཁྱོན་ལྡབ་འགྱུར་གྱིས་འཕར་བ་བྱ་རྒྱུ་ཡིན། ཧྥ་རན་སེས་ཕ་རི་སི་ཨོ་རྩལ་འགྲན་ཚོགས་གཉེར་བར་ཀྲུང་གོས་རྒྱབ་སྐྱོར་བྱ་རྒྱུ་དང་། ཆུ་ཚད་མཐོ་བའི་འཐུས་མི་ཚོགས་པ་ཧྥ་རན་སེར་འགྲན་བསྡུར་ལ་ཞུགས་པར་གཏོང་རྒྱུ་ཡིན། ཀྲུང་གོས་ཧྥ་རན་སེའི་དབར་གནམ་གཤིས་འགྱུར་ལྡོག་དང་སྐྱེ་དངོས་སྣ་མང་རང་བཞིན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཧྥ་རན་སེས་མཉམ་འབྲེལ་རྒྱལ་ཚོགས་རྒྱ་མཚོའི་ཚོགས་ཆེན་ལེགས་པར་གཉེར་རྒྱུར་རྒྱབ་སྐྱོར་བྱེད་པ། རྒྱལ་ཁབ་གཉིས་པོའི་འབྲེལ་ཡོད་རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོབ་ཁུལ་ཕན་ཚུན་གྲོགས་སྒྲིག་རྒྱུར་སྐུལ་མ་གཏོང་བ་བཅས་བྱེད་འདོད་ཡོད། ཀྲུང་གོས་ཧྥ་རན་སེ་དང་མཉམ་དུ་མི་ཐབས་རིག་ནུས་ཀྱི་བཅོས་སྐྱོང་དང་རྒྱལ་སྤྱིའི་དངུལ་རྩའི་མ་ལག་གི་བསྒྱུར་བཅོས་སོགས་ཁྱབ་ཁོངས་ནང་སྐད་ཆ་ཤོད་རེས་བྱ་རྒྱུར་སྐུལ་མ་གཏོང་འདོད་ཡོད་ཅེས་ཅེས་ནན་སྟོན་གནང་ཡོད།

图片

    མ་ཁེ་ལུང་གིས། ད་ལོ་ནི་ཧྥ་རན་སེ་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་རེད། ཧྥ་རན་སེ་དང་ཀྲུང་གོའི་འབྲེལ་བ་ཡག་པ་དང་མཉམ་ལས་ལ་གྲུབ་འབྲས་དང་ཕན་འབྲས་ཀྱིས་ཕྱུག་ཡོད། རྩེར་སོན་ལག་རྩལ་ཕུད། ད་དུང་གནམ་གཤིས་འགྱུར་ལྡོག་དང་རྒྱ་མཚོའི་སྣ་མང་རང་བཞིན་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གྲོས་གཞི་ཡང་ཚུད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཚམས་འདྲི་གནང་རིང་། ཕྱོགས་གཉིས་པོའི་དབར་མཉམ་ལས་ཀྱི་གྲོས་ཆོད་མང་པོར་མིང་རྟགས་བཀོད་པ་དེའི་ཐོག་ནས་ཧྥ་རན་སེ་དང་ཀྲུང་གོའི་དབར་མཉམ་ལས་བྱེད་གཞི་ཆེན་པོ་དང་མདུན་ལྗོངས་བཟང་པོ་ཡོད་པ་མངོན་གྱི་ཡོད། མིག་སྔར་འཛམ་གླིང་ལ་ཁ་ཚ་དགོས་གཏུགས་སུ་ཐག་གཅོད་བྱ་དགོས་པའི་དཀའ་ཉེན་མང་པོ་འཕྲད་ཡོད་ཅིང་། ཧྥ་ཀྲུང་འབྲེལ་བ་དེ་སྔར་ཤུལ་རྗེས་འཛིན་དང་མ་འོངས་གསར་འབྱེད་ཀྱི་འགག་རྩའི་དུས་མཚམས་ཤིག་ལ་སླེབས་ཡོད། ཧྥ་ཀྲུང་འབྲེལ་བར་རྨང་གཞི་གཏིང་ཟབ་པོ་ཡོད་ཅིང་། ཕན་ཚུན་བརྩི་བཀུར་བྱེད་པ་དང་། མིག་རྒྱང་རིང་པོར་བལྟ་བ། མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་བཞིན་ཡོད། སླད་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་དང་། ཚོགས་པ་ཁག་དབར་ཁ་གཏད་དུ་ལངས་རྒྱུ་བཀག་འགོག་བྱ་རྒྱུའི་ཐད་ནུས་པ་གལ་ཆེན་ཐོན་རྒྱུ་རེད། ཧྥ་རན་སེས་ཀྲུང་གོའི་དབར་ཕྱོགས་གཉིས་དཔལ་འབྱོར་འབྲེལ་བ་དང་ཕྱོགས་མང་འབྲེལ་གཏུག་རོགས་ལས་སྔར་བས་གཏིང་ཟབ་ཏུ་བཏང་ནས། ཧྥ་ཀྲུང་གི་འཐབ་ཇུས་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏོང་རྒྱུའི་ཐད་གྲུབ་འབྲས་དེ་བས་མང་བ་ཐོབ་རེ་བྱེད་བཞིན་ཡོད། ཧྥ་རན་སེས་ཀྲུང་གོར་ཞིང་ལས་ཐོན་རྫས་དེ་བས་མང་བ་ཕྱིར་འཚོང་ཐུབ་རེ་བྱེད་བཞིན་ཡོད་ལ། དེ་དང་ཆབས་ཅིག་ཀྲུང་གོར་ཁྲོམ་ར་སྒོ་འབྱེད་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞིང་། ཀྲུང་གོའི་ཁེ་ལས་ལ་དམིགས་པའི་མཐོང་ཆུང་རང་བཞིན་གྱི་སྲིད་ཇུས་བཟོ་མི་སྲིད། ཀྲུང་གོའི་ལག་རྩལ་མཐོ་བའི་ཁེ་ལས་ཚུད་པའི་ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཧྥ་རན་སེར་མ་འཇོག་མཉམ་ལས་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཧྥ་རན་སེས་ཀྲུང་གོའི་དབར་མཁའ་འགྲུལ་མཁའ་སྐྱོད་དང་དམངས་སྤྱོད་ཉིང་རྡུལ་ནུས་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཐུན་མོང་ཐོག་ད་ལོའི་ཧྥ་རན་སེ་དང་ཀྲུང་གོའི་རིག་གནས་ཡུལ་སྐོར་ལོའི་བྱེད་སྒོ་ལེགས་པར་གཉེར་འདོད་ཡོད། ཀྲུང་གོས་ཚོགས་པ་མངགས་ནས་ཕ་རི་སི་ཨོ་རྩལ་འགྲན་ཚོགས་ལ་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཧྥ་རན་སེས་གནམ་གཤིས་འགྱུར་ལྡོག་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། མི་ཐབས་རིག་ནུས་སོགས་གོ་ལ་ཧྲིལ་པོའི་གནད་དོན་ཐད་ཀྲུང་གོའི་དབར་འབྲེལ་གཏུག་མཉམ་ལས་གཏིང་ཟབ་བྱས་ནས། ཐུན་མོང་ཐོག་ཕྱོགས་མང་རིང་ལུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་དམིགས་ཡུལ་དང་རྒྱལ་སྤྱིའི་བཅའ་ཁྲིམས་ལ་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་ཡོད།

    ཕྱོགས་གཉིས་པོས་ད་དུང་ཡུག་རེན་གྱི་ཉམས་ཉེན་དང་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་སོགས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་རེད། ཞི་ཅིན་ཕིང་གིས། དེང་གི་འཛམ་གླིང་འདི་ཉིད་ཞི་ཞིང་བདེ་བ་ཞིག་མ་རེད། ཀྲུང་གོ་དང་ཧྥ་རན་སེ་གཉིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཡིན་པའི་ཆ་ནས་ཞི་བདེའི་ཐོག་ནས་དམིགས་བསལ་གནད་དོན་ཐག་གཅོད་བྱེད་པའི་ཐད་སྐད་ཆ་ཤོད་དགོས་པ་དང་། ཡུན་རིང་ཞི་བདེ་དང་ཡོངས་ཁྱབ་བདེ་འཇགས་ལྡན་པའི་འཛམ་གླིང་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་ཤུགས་རྒྱག་དགོས། ཀྲུང་གོས་ཧྥ་རན་སེ་དང་མཉམ་དུ་ཕ་རི་སི་ཨོ་རྩལ་འགྲན་ཚོགས་དེ་གོ་སྐབས་ཤིག་ཏུ་བཟུང་ནས། ལུས་རྩལ་འགྲན་ཚོགས་རིང་གོ་ལ་ཧྲིལ་པོར་དམག་མཚམས་འཇོག་རྒྱུའི་འབོད་སྐུལ་བྱེད་འདོད་ཡོད་ཅེས་བསྟན་གནང་ཡོད།

图片

    ཕྱོགས་གཉིས་པོས་དབུས་ཤར་གནས་བབ་དང་། མི་ཐབས་རིག་ནུས་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་། སྐྱེ་དངོས་སྣ་མང་རང་བཞིན་དང་རྒྱ་མཚོ། ཞིང་ལས་སྤེལ་རེས་དང་མཉམ་ལས་སོགས་མཉམ་འབྲེལ་གསལ་བསྒྲགས་བཞིར་མིང་རྟགས་བཀོད་པ་དང་། སྦགས་མེད་གོང་འཕེལ་དང་། མཁའ་འགྲུལ། ཞིང་ལས་བཟའ་བཅའ། ཚོང་དོན། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་མཉམ་ལས་ཡིག་ཆ་20ལ་མིང་རྟགས་བཀོད་པ་རེད། 

    མཇལ་མོལ་གནང་གྲུབ་རྗེས། ཞི་ཅིན་ཕིང་དང་མ་ཁེ་ལུང་གིས་མཉམ་དུ་གསར་འགོད་པར་ཐུག་འཕྲད་གནང་བ་རེད། 

    ཉིན་དེའི་དགོང་མོར། མ་ཁེ་ལུང་དང་སྐུ་ཟླ་པུ་ལི་ཅི་ཐེ་ཡིས་ཨའེ་ལི་ཧྲེ་ཕོ་བྲང་དུ་ཞི་ཅིན་ཕིང་དང་ཕེང་ལི་ཡོན་ལ་དགའ་བསུའི་དགོང་ཚིགས་གཟབ་རྒྱས་བཤམས་པ་རེད། 

ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་བྱེད་སྒོར་ཞུགས་པ་རེད།