ཞི་ཅིན་ཕིང་དང་མཱ་ཁེ་ལུང་ཀྲུང་ཧྥའི་ཁེ་ལས་མཁས་ཅན་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དྲུག་པའི་མཇུག་འགྲིལ་མཛད་སྒོར་ཞུགས་ནས་ཤིས་ཚིག་གསུངས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-08   རྩོམ་ཁུངས།    ཤིན་ཧྭ་གསར་འགྱུར་ཁང་།

ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་རི་སིར་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་དང་མཉམ་དུ་ཀྲུང་ཧྥའི་ཁེ་ལས་མཁས་ཅན་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དྲུག་པའི་མཇུག་འགྲིལ་མཛད་སྒོར་ཞུགས་པ་དང་འབྲེལ《སྔ་འཛིན་ཕྱི་གཏོད་ཀྱིས་ལག་གདང་སྦྲེལ་ནས་ཀྲུང་ཧྥ་མཉམ་ལས་ཀྱི་དུས་རབས་གསར་པ་གཏོད་པ》ཞེས་འགོ་བརྗོད་དུ་འཁོད་པའི་ཤིས་ཚིག་གལ་ཆེན་ཡང་གསུངས་པ།

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་རི་སི་ནས་ཟླ་5ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་རི་སིར་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་དང་མཉམ་དུ་ཀྲུང་ཧྥའི་ཁེ་ལས་མཁས་ཅན་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དྲུག་པའི་མཇུག་འགྲིལ་མཛད་སྒོར་ཞུགས་པ་དང་འབྲེལ《སྔ་འཛིན་ཕྱི་གཏོད་ཀྱིས་ལག་གདང་སྦྲེལ་ནས་ཀྲུང་ཧྥ་མཉམ་ལས་ཀྱི་དུས་རབས་གསར་པ་གཏོད་པ》ཞེས་འགོ་བརྗོད་དུ་འཁོད་པའི་ཤིས་ཚིག་གལ་ཆེན་ཡང་གསུངས་པ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཧྥའི་ཁེ་ལས་མཁས་ཅན་གྱི་འཐུས་མི་དང་ལྷན་བཞུགས་འདྲ་པར་བསྐྱོན་རྗེས་ལྷན་དུ་ཟློས་གར་ཁང་གི་ཚོགས་ཁང་དུ་ཕེབས་པ་རེད།

    སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་ཤིས་ཚིག་གསུངས་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། འདི་ལོ་ནི་ཀྲུང་ཧྥའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བའི་ལོ་ཞིག་རེད། ལོ་60ནི་ཀྲུང་གོའི་སྲོལ་རྒྱུན་ལོ་ཐོའི་ནང་རབ་བྱུང་གཅིག་ཡིན་པ་དང་དེས་འཛིན་སྐྱོང་སྤེལ་གསུམ་དང་སྔ་འཛིན་ཕྱི་གཏོད་ཀྱི་གོ་དོན་མཚོན་གྱི་ཡོད།

    ལོ་60ཡི་རིང་ཀྲུང་ཧྥ་ནི་གྲོགས་པོ་བློས་ཐུབ་ཡིན། རྒྱལ་ཁབ་གཉིས་པོས་རང་བཙན་རང་བདག་དང་། ཕན་ཚུན་བསམ་ཤེས། མཐོང་རྒྱ་ཆེ་ཞིང་མིག་རྒྱང་རིང་བ། གཉིས་ཁེ་གཉིས་ཕན་བཅས་ཀྱི་ཕྱི་འབྲེལ་འཛུགས་པའི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས་ཤེས་དཔལ་མི་འདྲ་བ་དང་། ལམ་ལུགས་མི་འདྲ་བ། འཕེལ་རྒྱས་ཀྱི་ཆུ་ཚད་མི་འདྲ་བ་བཅས་ཀྱི་རྒྱལ་ཁབ་ཀྱིས་ཕན་ཚུན་ཡག་ཐོག་ཡག་བརྩེགས་ཡོང་བ་དང་ཐུན་མོང་ཐོག་མདུན་སྐྱོད་བྱེད་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ལོ་60ཡི་རིང་ཀྲུང་ཧྥ་ནི་གཉིས་ཁེའི་རོགས་ཟླ་ཞིག་རེད། ཀྲུང་གོ་འདི་ཉིད་ཡོ་རོབ་མནའ་འབྲེལ་ཕུད་པའི་ཧྥ་རན་སེའི་ཚོང་དོན་རོགས་ཟླ་ཆེ་གྲས་དང་པོར་གྱུར་པ་དང་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཐད་གཅིག་ལ་གཅིག་འབྲེལ་དང་ཕན་ཚུན་མཉམ་འདྲེས་ཀྱི་འབྲེལ་བ་ཆེན་པོ་ཞིག་ཆགས་ཡོད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ནི་ཤར་ཕྱོགས་ཤེས་དཔལ་གྱི་མཚོན་བྱེད་གལ་ཆེན་ཞིག་ཡིན་པ་དང་ཧྥ་རན་སེ་ནི་ནུབ་ཕྱོགས་ཤེས་དཔལ་གྱི་མཚོན་བྱེད་གལ་ཆེན་ཞིག་རེད། ཀྲུང་ཧྥ་རྒྱལ་ཁབ་གཉིས་པོར་ས་འབྲེལ་ཆབ་སྲིད་ཀྱི་འགལ་ཟླ་མེད་པ་དང་། རྩ་བའི་ཁེ་ཕན་གྱི་འགལ་བ་མེད་པ། རང་བཙན་རང་བདག་གི་བསམ་ཚུལ་གཅིག་པ་ཡིན་པ། འོད་སྟོང་འཕྲོ་བའི་རིག་གནས་ཀྱིས་ཕན་ཚུན་ཡིད་དབང་འཕྲོག་པ། ཁེ་ཕན་ཆེ་བའི་དངོས་སྒྲུབ་མཉམ་ལས་ཡོད་པས། ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཡག་པོ་མི་གཏོང་བའི་རྒྱུ་མཚན་མེད། མིའི་རིགས་འཕེལ་རྒྱས་ཀྱི་ལམ་མདོ་གསར་པར་ལངས་ནས་འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་གྱི་མདུན་དུ་ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་མཉམ་དུ་ཕྱོགས་ཡོངས་ནས་སྤེལ་རེས་མཉམ་ལས་དམ་ཟབ་བྱས་ཏེ་ཀྲུང་ཧྥའི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བ་ཞིག་ཏུ་སླེབས་པ་དང་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

    འབྱུང་འགྱུར་ལ་ཁ་ཕྱོགས་སྐབས། ང་ཚོས་ཧྥ་རན་སེ་ཕྱོགས་དང་མཉམ་དུ་ཀྲུང་ཧྥའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་དཔལ་འབྱོར་ཚོང་དོན་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཧྥ་རན་སེ་སྔོན་ཐོབ་དང་བློས་འགེལ་ཆོག་པའི་མཉམ་ལས་རོགས་ཟླར་བརྩིས་ནས་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་འབྲེལ་བའི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་རྒྱ་ཆེར་གཏོང་རྒྱུར་གཞོལ་ཏེ་ཁྱབ་ཁོངས་གསར་པ་གཏོད་རྒྱུ་དང་། དཔེ་དབྱིབས་གསར་པ་གཏོད་རྒྱུ། འཕར་གཞི་གསར་པ་སྐྱེད་སྲིང་བཅས་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས“ཧྥ་རན་སེའི་ཞིང་ར་ནས་ཀྲུང་གོའི་གསོལ་ལྕོག་བར”གྱི་འཁོར་འབྲེལ་ཧྲིལ་པོ་མགྱོགས་མྱུར་མཐུན་སྦྱོར་བྱེད་པའི་ལམ་སྲོལ་མུ་མཐུད་བེད་སྤྱོད་ཧུར་ཐག་བྱས་ཏེ། ཕྱུར་བ་དང་། ཕག་ཉྭ་བསྙལ་མ། རྒུན་ཆང་སོགས་ཧྥ་རན་སེའི་སྤུས་ལེགས་ཞིང་ལས་ཐོན་རྫས་དེ་བས་མང་བ་ཀྲུང་གོའི་མི་སེར་གྱི་གསོལ་ལྕོག་ཐོག་ཐོན་དུ་འཇུག་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་སོགས་རྒྱལ་ཁབ་12ཀྱི་སྤྱི་དམངས་ཀྲུང་གོར་དུས་ཐུང་ཡོང་རྒྱུར་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་དེ་2025ལོའི་ལོ་མཇུག་བར་ནར་འགྱངས་བྱ་རྒྱུའི་གཏན་འབེབས་བྱས་ཡོད།

    འབྱུང་འགྱུར་ལ་ཁ་ཕྱོགས་སྐབས། ང་ཚོས་ཧྥ་རན་སེ་ཕྱོགས་དང་མཉམ་དུ་ཀྲུང་ཡོའི་གཉིས་ཁེ་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་ཡོ་ནི་སྣ་མང་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཉིས་དང་། གོ་ལ་ཧྲིལ་པོ་ཅན་ལ་རྒྱབ་སྐྱོར་བྱེད་པའི་ཁྲོམ་ར་ཆེན་པོ་གཉིས། སྣ་མང་ཅན་དར་སྤེལ་གཏོང་བའི་ཤེས་དཔལ་ཆེན་པོ་གཉིས་བཅས་ཡིན། ཕྱོགས་གཉིས་པོས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ངེས་གནས་ཡང་དག་མཐའ་འཁྱོངས་བྱས་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་དཔལ་འབྱོར་ཚོང་དོན་གནད་དོན་ཆབ་སྲིད་ཅན་དང་། འདུ་ཤེས་འཛིན་སྟངས་ཅན། བདེ་འཇགས་ཅན་ཧྲིལ་པོ་བཅས་ལ་ཐུན་མོང་ཐོག་ངོ་རྒོལ་བྱེད་དགོས། ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕན་ཚུན་ཁ་ཕྱོགས་གཅིག་ཏུ་བསྐྱོད་དེ་སྐད་ཆ་ཤོད་རེས་ལ་བརྟེན་ནས་བསམ་ཤེས་བྱེད་ཟབ་ཏུ་གཏོང་བ་དང་། མཉམ་ལས་ལ་བརྟེན་ནས་མི་མཐུན་པའི་ཆ་སེལ་བ། ཕན་ཚུན་ཡིད་ཆེས་བྱེད་པར་བརྟེན་ནས་ཉེན་ཁ་སེལ་བ་བཅས་བྱས་ཏེ་ཀྲུང་ཡོ་གཉིས་ཕན་ཚུན་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་འགག་རྩའི་རོགས་ཟླ་དང་། ཚན་རྩལ་མཉམ་ལས་ཀྱི་སྔོན་ཐོབ་རོགས་ཟླ། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་མཉམ་ལས་ཀྱི་ཡིད་རྟོན་རོགས་ཟླ་བཅས་སུ་འགྱུར་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་གློག་འཕྲིན་དང་སྨན་བཅོས་སོགས་ཞབས་ཞུའི་ལས་རིགས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་རང་ངོས་ནས་ཆེ་རུ་བཏང་ཏེ་ཁྲོམ་ར་སྔར་བས་སྒོ་མོ་འབྱེད་དེ་ཧྥ་རན་སེ་དང་ཡོ་རོབ་ཀྱི་ཁེ་ལས་ཚུད་པའི་རྒྱལ་ཁབ་ཁག་གི་ཁེ་ལས་ལ་ཁྲོམ་རའི་གོ་སྐབས་དེ་བས་མང་བ་གཏོད་རྒྱུ་ཡིན།

    འབྱུང་འགྱུར་ལ་ཁ་ཕྱོགས་སྐབས། ང་ཚོས་ཧྥ་རན་སེ་ཕྱོགས་དང་ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་འདོད་ཡོད། དེང་སྐབས་འཛམ་གླིང་གི་ཞི་བདེའི་མཚལ་ཡིག་དང་། འཕེལ་རྒྱས་ཀྱི་མཚལ་ཡིག བདེ་འཇགས་ཀྱི་མཚལ་ཡིག བཅོས་སྐྱོང་གི་མཚལ་ཡིག་བཅས་མང་དུ་འགྲོ་བ་ལས་ཉུང་དུ་འགྲོ་གི་མེད། ཀྲུང་ཧྥ་ནི་རང་བཙན་རང་བདག་གི་རྒྱལ་ཁབ་ཆེན་པོ་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་ཡིན་པས་འགན་འཁྲི་དང་ལས་འགན་འཁུར་དགོས། ཀྲུང་ཧྥའི་འབྲེལ་བའི་བརྟན་བརླིང་རང་བཞིན་ལ་བརྟེན་ནས་འཛམ་གླིང་གི་གཏན་འཁེལ་མེད་པའི་རང་བཞིན་ལ་ཁ་གཏད་གཅོག་པ་དང་། མཉམ་འབྲེལ་རྒྱལ་ཚོགས་སུ་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ་བཅས་བྱས་ནས་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར་ཀྲུང་གོས་ཆུ་ཚད་མཐོ་བའི་སྒོ་དབྱེར་བརྟེན་ནས་གདིང་རྩའི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་མགྱོགས་སུ་གཏོང་བཞིན་ཡོད། ང་ཚོས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་འཆར་འགོད་དང་ལག་བསྟར་བྱེད་པ་དང་། ལམ་ལུགས་ཅན་གྱི་སྒོ་དབྱེ་བརྟན་པོའི་ངང་རྒྱ་ཆེར་གཏོང་བ། ཁྲོམ་རར་འཇུག་འཐུས་སྔར་བས་རྒྱ་ཆེར་གཏོང་བ། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་འཐུས་ཀྱི་བཀག་རྒྱ་གསལ་ཐོ་ཉུང་དུ་གཏོང་བ་བཅས་བྱེད་བཞིན་ཡོད་པས། དེས་ཧྥ་རན་སེ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་ལ་དེ་བས་རྒྱ་ཆེ་བའི་ཁྲོམ་རའི་བར་མཐོངས་འདོན་པ་དང་མཉམ་ལས་གཉིས་ཁེའི་གོ་སྐབས་དེ་བས་མང་བ་ཐོབ་རྒྱུ་རེད། ཧྥ་རན་སེའི་ཁེ་ལས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ནང་ཧུར་ཐག་ཞུགས་ནས་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་ལོངས་སུ་སྤྱོད་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།

    ཞི་ཅིན་ཕིང་གིས་གསུངས་དོན། ཟླ་བ་གཉིས་ལྷག་ཙམ་སོང་རྗེས་ཧྥ་རན་སེར་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་གཟབ་རྒྱས་ངང་འཚོག་རྒྱུ་རེད། ཨོ་རྩལ་འགྲན་ཚོགས་ནི་མཐུན་སྒྲིལ་དང་མཛའ་གྲོགས་ཀྱི་མཚོན་རྟགས་ཤིག་ཡིན་ལ། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་ཉིང་བཅུད་ཀྱང་ཡིན། ང་ཚོས་ཕྱི་འབྲེལ་འཛུགས་པའི་ཐོག་མའི་བསམ་འདུན་བརྟན་སྲུང་དང་སྲོལ་རྒྱུན་མཛའ་གྲོགས་རྒྱུན་མཐུད་བྱས་ཏེ“དེ་བས་མགྱོགས་པ་དང་། དེ་བས་མཐོ་བ། དེ་བས་སྟོབས་ཆེན། དེ་བས་མཐུན་སྒྲིལ”བཅས་ཀྱི་ཨོ་རྩལ་འགྲན་ཚོགས་ཀྱི་ལེགས་བཤད་ལག་ལེན་བསྟར་བ་དང་ལག་གདང་སྦྲེལ་ནས་ཀྲུང་ཧྥ་མཉམ་ལས་ཀྱི་དུས་རབས་གསར་པ་བཏོད་དེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་ལེའུ་གསར་པ་ཐུན་མོང་ཐོག་རྩོམ་དགོས།

    ཀྲུང་ཧྥ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་ཁེ་ལས་སོགས་ལས་རིགས་ཁག་གི་འཐུས་མི་200ལྷག་ཙམ་མཇུག་འགྲིལ་མཛད་སྒོར་ཞུགས་ཡོད།

    ཚའེ་ཆི་དང་ཝང་དབྱི་གོང་གསལ་བྱེད་སྒོར་ཞུགས་ཡོད།