ཞི་ཅིན་ཕིང་གིས་སེར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆི་དང་གྲོས་མོལ་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-10   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེར་ཀེ་ལའེ་ཏེའི་སེར་པི་ཡའི་ཐོག་བརྩེགས་ཁང་ཆེན་དུ་སེར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆི་དང་གྲོས་མོལ་གནང་བཞིན་པ།

ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེར་ཀེ་ལའེ་ཏེའི་སེར་པི་ཡའི་ཐོག་བརྩེགས་ཁང་ཆེན་དུ་སེར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆི་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོལ་མོལ་མ་གནང་གོང་། ཝུའུ་ཆི་ཆི་ཡིས་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་གཉེར་བ།

    ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེར་ཀེ་ལའེ་ཏེའི་སེར་པི་ཡའི་ཐོག་བརྩེགས་ཁང་ཆེན་དུ་སེར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆི་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་སེར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་མཐོར་གཏོང་དང་དུས་རབས་གསར་པའི་ཀྲུང་སེར་གྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

    ཟླ་ལྔ་པའི་གྲོང་ཁྱེར་པེར་ཀེ་ལའེ་ཏེར་ཉི་འོད་རབ་ཏུ་འཕྲོ། སེར་པི་ཡའི་ཐོག་བརྩེགས་ཁང་ཆེན་མདུན་དུ། ཀྲུང་སེར་རྒྱལ་ཁབ་གཉིས་པོའི་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ། གཟབ་སྦྲེང་རུ་ཁག་བརྗིད་ཉམས་ལྡན། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་རླངས་འཁོར་ལ་བཞུགས་ནས་ཕེབས་འབྱོར་ཟིན་སྐབས། སེར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆི་དང་སྐུ་ཟླ་ཐཱ་མ་ལཱ་ཡིས་རླངས་འཁོར་འབབ་སར་སྤྲོ་སེམས་འཁོལ་པོས་བསུ་བ་ཞུས།

    ཝུའུ་ཆི་ཆིས་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་གཉེར་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་མཉམ་དུ་གཟིགས་སྟེགས་ཐོག་ཕེབས་པ་དང་། དམག་མིའི་རོལ་ཆ་ཚོགས་པས་ཀྲུང་སེར་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་དང་འབྲེལ། རྟེན་འབྲེལ་མེ་སྒྱོགས་10བརྒྱབ་པ་རེད། ཞི་ཅིན་ཕིང་གིས་ཝུའུ་ཆི་ཆིའི་ཕེབས་རོགས་འོག གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱོགས་གཉིས་པོའི་ཕེབས་རོགས་མི་སྣ་དང་རེ་རེ་བཞིན་ཕྱག་བཏང་གནང་བ་རེད།

ཝུའུ་ཆི་ཆིའི་ཕེབས་རོགས་འོག ཞི་ཅིན་ཕིང་སྲིད་གཞུང་ཐོག་བརྩེགས་ཁང་ཆེན་གྱི་གཟིགས་སྟེགས་སུ་ཕེབས་ཤིང་། ཐོག་བརྩེགས་ཁང་ཆེན་གྱི་ཐང་ཆེན་དུ་སེར་པི་ཡའི་དམངས་ཚོགས་ཆིག་ཁྲི་ལྔ་སྟོང་ཙམ་གྱིས་ཀྲུང་སེར་རྒྱལ་ཁབ་གཉིས་པོའི་རྒྱལ་དར་གཡུག་ནས་ཞི་ཅིན་ཕིང་ལ་སྤྲོ་སེམས་ཤིན་ཏུ་འཁོལ་བའི་དགའ་བསུ་ཞུས་པ་རེད། ཞི་ཅིན་ཕིང་གིས་དགའ་བསུ་ཞུ་མཁན་མི་ཚོགས་ལ་ཕྱག་གཡུག་གཡུག་གནང་ནས་གུས་ལན་གནང་མ་ཐག ཐང་ཆེན་དུ་དགའ་བསུ་ཞུ་བའི་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་སྒྲ་ཡུན་རིང་གྲགས།

དགའ་བསུ་ཞུ་བའི་མཛད་སྒོ་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཁྱབ་ཁོངས་ཆུང་བའི་མཇལ་འཕྲད་དང་ཁྱབ་ཁོངས་ཆེ་བའི་གྲོས་མོལ་ཁག་སོ་སོར་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཙུང་ཐུང་ཝུའུ་ཆི་ཆིས་གདན་ཞུ་ཐེངས་མང་གནང་བ་ལྟར། ལོ་8སོང་རྗེས་སླར་ཡང་མཛེས་སྡུག་ལྡན་པའི་སེར་པི་ཡར་འཚམས་འདྲི་བྱེད་རྒྱུ་བྱུང་བར་ང་རང་ཧ་ཅང་དགའ་པོ་བྱུང་། ཙུང་ཐུང་ཝུའུ་ཆི་ཆིས་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་གལ་ཆེན་མང་པོ་ཁྲིད་དེ་གནམ་ཐང་དུ་བསུ་བར་ཕེབས་པ་དང་། ལྷག་པར་དུ་ད་གིན་ང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་གཉེར་གནང་བར་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ། སེར་པི་ཡའི་མི་དམངས་ནི་ཀྲུང་གོའི་མི་དམངས་ཀྱི་གྲོགས་པོ་བཟང་པོ་ཡིན་པ་དང་ཀྲུང་གོར་ལྷག་བསམ་ཟོལ་མེད་ཀྱི་བརྩེ་དུང་ཟབ་མོ་ལྡན་པ་ཡང་ཚོར་བྱུང་།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་སེར་གྱི་གྲོགས་པོ་བློས་ཐུབ་ཀྱི་མཛའ་གྲོགས་ལ་རྒྱལ་སྤྱིའི་འགྱུར་ལྡོག་ཆེ་བའི་ཚོད་བགམ་ཐེག་པ་བརྒྱུད་ལོ་རྒྱུས་ཀྱི་རྨང་གཞི་ཟབ་མོ་དང་། ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ། ཐུན་མོང་གི་ཁེ་ཕན་རྒྱ་ཁྱབ། དམངས་འདོད་ཀྱི་རྨང་གཞི་བརྟན་པོ་བཅས་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། ང་དང་སྐུ་ཞབས་ཙུང་ཐུང་གིས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བར་མཉམ་དུ་ཁྲིད་སྟོན་བྱས་པས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ལྷག་པར་དུ། 2016ལོར་ཀྲུང་སེར་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་ནས་བཟུང་། ཕྱོགས་གཉིས་པོའི་འབྲེལ་བའི་ནང་དོན་དེ་བས་ཕུན་སུམ་ཚོགས་སུ་ཕྱིན་པ་དང་ཁྱབ་རྒྱ་རྒྱུན་མཐུད་ཆེ་རུ་ཕྱིན་ནས། ཀྲུང་གོ་དང་ཡོ་རོབ་རྒྱལ་ཁབ་དབར་གྱི་མཛའ་གྲོགས་འབྲེལ་བའི་དཔེ་མཚོན་དུ་གྱུར་ཡོད། ཁ་ནས་ཤོད་པ་ལས་ལག་ལེན་བསྟར་ན་དགའ། ཀྲུང་གོ་ཕྱོགས་ཀྱིས་སེར་པི་ཡ་ཕྱོགས་དང་མཉམ་དུ་མུ་མཐུད་སྐྱིད་སྡུག་མཉམ་མྱོང་དང་ལས་དབང་མཉམ་སྤྱོད་ཀྱི་གྲོགས་པོ་བློས་ཐུབ་ཀྱི་མཛའ་བཤེས་སྙིང་སྟོབས་ཀྱི་རྒྱུན་བསྐྱངས་ནས་ཀྲུང་སེར་གྱི་མཛའ་གྲོགས་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་སྟེ། རྒྱལ་ཁབ་གཉིས་པོའི་རྩ་བ་དང་ཕུགས་ཀྱི་ཁེ་ཕན་མཉམ་དུ་སྲུང་སྐྱོང་བྱེད་རྒྱུ་མ་ཟད། དཔུང་པ་མཉམ་གཤིབ་ཀྱིས་རང་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་དར་རྒྱས་ལ་འབད་པ་དང་། དུས་རབས་གསར་པའི་ཀྲུང་སེར་གྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པར་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་འདོད་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སེར་པི་ཡ་ནི་ཡོ་རོབ་དབུས་ཤར་ས་ཁུལ་གྱི་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཐོག་མ་དེ་ཡིན། ཕྱོགས་གཉིས་པོའི་མཉམ་ལས་ཀྱིས་རང་རང་སོ་སོའི་འཕེལ་རྒྱས་དང་དར་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་བདེ་བསྐྲུན་ཡོད། དུས་བབ་གསར་པའི་འོག་སེར་པི་ཡ་འདི་ཉིད་ཀྲུང་གོ་དང་ཐུན་མོང་ཐོག་ལས་དབང་གཅིག་མཐུན་ཚོགས་པ་སྐྲུན་མཁན་གྱི་ཡོ་རོབ་རྒྱལ་ཁབ་དང་པོར་གྱུར་བ་དེ་ཐོག་ནས་ཀྲུང་སེར་འབྲེལ་བའི་འཐབ་ཇུས་རང་བཞིན་དང་། དམིགས་བསལ་རང་བཞིན་དང་ཆུ་ཚད་མཐོ་བ་བཅས་གང་ལེགས་མཚོན་ཡོད། དུས་རབས་གསར་པའི་ཀྲུང་སེར་གྱི་ལས་དབང་གཅིག་མཐུན་ཚོགས་པ་ནི་ཀྲུང་སེར་གྱི་གྲོགས་པོ་བློས་ཐུབ་ཀྱི་མཛའ་གྲོགས་ཟབ་ཏུ་ཕྱིན་པ་ཞིག་ཡིན་ལ་ཕྱོགས་གཉིས་པོའི་ཐུན་མོང་གི་རིན་ཐང་འདུ་ཤེས་དང་དམིགས་ཚད་དོན་གཉེར་ཡང་མཚོན་གྱི་ཡོད་པ་སྟེ། མཉམ་དུ་འཕེལ་རྒྱས་དོན་གཉེར་དང་། མཉམ་ལས་གཉིས་ཕན། ཕན་ཚུན་གྲུབ་འབྲས་གཏོད་རེས་བྱེད་པ་བཅས་ཡིན་པ་དང་། དེ་ནི་ཀྲུང་སེར་རྒྱལ་ཁབ་གཉིས་དང་དེ་བཞིན་འཛམ་གླིང་ཐོག་རང་བཙན་རང་བདག་མཐའ་འཁྱོངས་དང་ཞི་བདེ་དང་འཕེལ་རྒྱས་དོན་གཉེར་བྱེད་མཁན་རྒྱལ་ཁབ་ཚང་མའི་ཐུན་མོང་གི་ཕུགས་འདུན་ཞིག་རེད། ཕྱོགས་གཉིས་པོས་དུས་རབས་གསར་པའི་ཀྲུང་སེར་གྱི་ལས་དབང་གཅིག་མཐུན་ཚོགས་པ་བཏོད་པ་བརྒྱུད་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་དང་རྒྱ་སྐྱེད་བཏང་ནས་རྒྱལ་ཁབ་གཉིས་པོའི་དེང་རབས་ཅན་གྱི་འཕེལ་རིམ་ལ་རམ་འདེགས་བྱེད་དགོས།

    གཅིག རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཐབ་ཇུས་རང་བཞིན་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཕྱོགས་གཉིས་པོའི་འབྲེལ་བའི་ཁ་ཕྱོགས་ཆེན་པོར་སྟངས་འཛིན་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་སེར་པི་ཡས་རང་བཙན་རང་བདག་མཐའ་འཁྱོངས་དང་རང་ཉིད་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་རྒྱུར་རྒྱབ་སྐྱོར་དང་། སེར་པི་ཡ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་སྲུང་སྐྱོང་ལ་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱས་ནས་འཐབ་ཇུས་མཉམ་ལས་ཟབ་ཏུ་བཏང་སྟེ་རང་རང་སོ་སོའི་ཆབ་སྲིད་ཀྱི་བདེ་འཇགས་དང་རྩ་བའི་ཁེ་ཕན་སྲུང་སྐྱོང་ཡག་པོ་བྱེད་དགོས།

    གཉིས། རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་དངོས་སྒྲུབ་རང་བཞིན་མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དོན་གཉེར་བྱེད་དགོས། ཀྲུང་སེར་གྱི་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད། ཕྱོགས་གཉིས་པོས་འགྲིམ་འགྲུལ་དང་ནུས་རྒྱུའི་རྨང་གཞིའི་སྒྲིག་བཀོད་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཧང་ག་རི་ནས་སེར་པི་ཡའི་བར་གྱི་ལྕགས་ལམ་གྱི་སེར་པི་ཡའི་དུམ་བུའི་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་པའི་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་ཡོང་བ་བྱེད་པ་དང་། རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་རྣམ་གྲངས་ཆེན་པོ་མཉམ་དུ་གཉེར་སྐྱོང་ཡག་པོ་བྱེད་པ། གཞི་ཁྱོན་ཆུང་ལ་མ་དངུལ་ཚད་རན་པའི་དམངས་འཚོའི་རྣམ་གྲངས་དེ་བས་མང་བ་གཏོད་པ་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་དགེ་མཚན་ལྡན་པའི་ཕན་འབྲས་རྒྱུན་མཐུད་འདོན་དགོས། ཀྲུང་སེར་གྱི་རང་མོས་ཚོང་དོན་གྲོས་ཆོད་ལ་འདི་ལོའི་ཟླ་7ཚེས་1ཉིན་ནས་ནུས་པ་ཐོན་རྒྱུ་ཡིན་པས་ཀྲུང་སེར་གྱི་ཆུ་ཚད་མཐོ་བའི་ཕན་ཚུན་སྒོ་དབྱེ་དུས་མཚམས་གསར་པར་སླེབས་ངེས་རེད། ཀྲུང་གོ་ཕྱོགས་ཀྱིས་སེར་པི་ཡའི་ཁྱད་ལྡན་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་མུ་མཐུད་ནང་འདྲེན་བྱེད་ཤུགས་ཆེ་རུ་བཏང་སྟེ་འབྱུང་འགྱུར་ལོ་གསུམ་ནང་སེར་པི་ཡའི་གཞོན་ནུ་ལོ་ཆུང་300ཙམ་ཀྲུང་གོར་སློབ་སྦྱོང་དང་སྤེལ་རེས་བྱེད་པར་གདན་ཞུ་བྱེད་འདོད་ཡོད། སེར་པི་ཡ་ཕྱོགས་ཀྱིས་པེར་ཀེ་ལའེ་ཏེ་ནས་ཧྲང་ཧའེ་བར་གྱི་ཐད་གཏོང་མཁའ་ལམ་གྱི་ལམ་ཐིག་མང་དུ་བཏང་ནས་མི་ཆོས་རིག་གནས་སྤེལ་རེས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།

    གསུམ། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་གསར་གཏོད་རང་བཞིན་དར་སྤེལ་བཏང་ནས་མཉམ་ལས་ཀྱི་མདུན་ལམ་གསར་པ་བཏོད་དེ་གསར་གཏོད་མཉམ་ལས་དེ་ཕྱོགས་གཉིས་པོའི་འབྲེལ་བའི་འཕར་གཞི་གསར་པར་གཏོད་དགོས། ཀྲུང་གོ་ཕྱོགས་ཀྱིས་འབྱུང་འགྱུར་ལོ་གསུམ་ནང་སེར་པི་ཡའི་གཞོན་ནུ་ཚན་རིག་མཁས་ཅན་50ཙམ་ཀྲུང་གོར་ཚན་ཞིབ་སྤེལ་རེས་དང་འཚམས་འདྲི་བྱེད་པར་ཡོང་རྒྱུར་རྒྱབ་སྐྱོར་བྱས་ཏེ། སེར་པི་ཡ་ཕྱོགས་དང་མིས་བཟོས་རིག་ནུས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མིའི་རིགས་ཡོངས་ཀྱི་ལུགས་མཐུན་འཕེལ་རྒྱས་དང་མིས་བཟོས་རིག་ནུས་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་འདོད་ཡོད། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་མཉམ་དུ་ངོ་རྒོལ་བྱེད་པ་དང་། ཚོགས་པའི་ཆབ་སྲིད་དང་དཔུང་ཚོགས་ཁ་གཏད་དུ་ལངས་རྒྱུར་མཉམ་དུ་ངོ་རྒོལ་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་སྲུང་སྐྱོང་བྱེད་པ། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ། རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

    ཝུའུ་ཆི་ཆི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཤིང་། ཁོང་གིས་ཀྲུང་གོ་ནི་སེར་པི་ཡའི་ལྷག་བསམ་རྣམ་དག་གི་གྲོགས་པོ་ཞིག་ཡིན། སེར་པི་ཡ་ནི་རྒྱལ་ཁབ་ཆུང་ཆུང་ཞིག་ཡིན་མོད། འོན་ཀྱང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་སེར་པི་ཡའི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་ལ་བརྩི་འཇོག་གང་ལེགས་བྱས་ཏེ། སེར་པི་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྩ་ཆེའི་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་ནི་རླབས་ཆེན་གྱི་འཛམ་གླིང་གི་གཙོ་འཛིན་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ནས་འཛམ་གླིང་འཕེལ་རྒྱས་དང་ཡར་ཐོན་གྱི་ལམ་སྟོན་སྒྲོན་མེར་གྱུར་ཏེ་རྒྱལ་སྤྱིའི་ལས་དོན་ཁྲོད་འགོ་ཁྲིད་ཀྱི་ནུས་པ་གལ་ཆེན་ཉིན་རེ་བཞིན་ཐོན་བཞིན་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་བྱས་པ་མ་ཟད། འཛམ་གླིང་གི་མི་དམངས་ལ་ཕན་བདེ་དོན་གཉེར་ཡང་བྱེད་ཀྱི་ཡོད། སེར་པི་ཡའི་མི་དམངས་ཀྱིས་ཀྲུང་གོ་དང་ལྷག་པར་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་བཀའ་དྲིན་དྲན་པ་དང་བརྩི་འཇོག་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་ལ། ཀྲུང་གོ་ལྟར་གྱི་རླབས་ཆེན་གྱི་རྒྱལ་ཁབ་གྲོགས་པོ་བློས་ཐུབ་ཏུ་གྱུར་པར་སེམས་གཏིང་ནས་སྤོབས་པ་ཆེན་པོ་སྐྱེས་ཀྱི་འདུག སེར་པི་ཡ་ཕྱོགས་ཀྱིས་ཐའེ་དབན་སོགས་ལྟེ་བའི་ཁེ་ཕན་གྱི་གནད་དོན་ཐད་ཀྱི་ཀྲུང་གོའི་ཡང་དག་པའི་ལངས་ཕྱོགས་ལ་རྒྱབ་སྐྱོར་བརྟན་པོ་བྱེད་ཀྱི་ཡོད། འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད་པས་སེར་པི་ཡ་ཕྱོགས་ཀྱིས་མུ་མཐུད་ཐེ་ཚོམ་སྤུ་ཙམ་ཡང་མེད་པ་དང་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་ཐོག་ནས་ཀྲུང་གོར་རྒྱབ་སྐྱོར་བརྟན་པོ་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

    ཝུའུ་ཆི་ཆི་ཡིས་གསུངས་དོན། ཀྲུང་གོས་མ་འཇོག་དང་མཉམ་ལས་བྱས་པ་དེས་སེར་པི་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་ཐེབས་ཡོད་ལ་སེར་པི་ཡའི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཀྱང་མཐོ་རུ་ཕྱིན་ཡོད། ལྷག་པར་དུ་2016ལོ་ནས་བཟུང་། ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་ངོ་མས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བརྟེན་ཧོ་པེ་ངར་ལྕགས་སི་མེ་ཏའེ་ལེ་ཝོ་ངར་ལྕགས་བཟོ་གྲྭར་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཧ་ཅང་ཆེན་པོ་ཐོན་ནས་ངར་ལྕགས་བཟོ་གྲྭའི་ལས་དབང་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་མ་ཟད། དམངས་ཚོགས་ཀྱི་གདེང་ཚོད་དང་རེ་བ་ཡང་ཆེ་རུ་ཕྱིན་ཡོད། སེར་པི་ཡའི་འབྱུང་འགྱུར་དེ་ཀྲུང་གོ་དང་འབྲེལ་བ་དམ་ཟབ་ཡོད། སེར་པི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཁྱབ་ཁོངས་ཁག་དང་རིམ་པ་ཁག་གི་སྤེལ་རེས་དམ་ཟབ་བྱས་ནས་རྨང་གཞིའི་སྒྲིག་བཀོད་དང་། ནུས་རྒྱུ་གསར་པ། གསར་གཏོད། མི་ཐབས་རིག་ནུས། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཧང་ག་རི་ནས་སེར་པི་ཡའི་བར་གྱི་ལྕགས་ལམ་གྱི་སེར་པི་ཡའི་དུམ་བུའི་འཛུགས་སྐྲུན་དུས་བཀག་ལྟར་ལེགས་སྒྲུབ་བྱས་ནས་ཀྲུང་གོའི་ཁེ་ལས་དེ་བས་མང་བ་སེར་པི་ཡར་མ་འཇོག་མཉམ་ལས་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་གི་ཡིན། རྒྱལ་ཁབ་གཉིས་པོའི་དབར་ཐད་གཏོང་མཁའ་ལམ་དེ་བས་མང་བ་བཏོད་དེ་སེར་ཀྲུང་རང་མོས་ཚོང་དོན་གྲོས་མཐུན་གོ་སྐབས་སུ་བྱས་ནས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་སྔར་བས་རྒྱ་ཆེར་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། དེ་རིང་ང་ཚོས་སེར་ཀྲུང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བ་དང་དུས་རབས་གསར་པའི་སེར་ཀྲུང་གི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་ཁྱབ་བསྒྲགས་བྱས་པ་དེ་སེར་ཀྲུང་འབྲེལ་བའི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གསར་པ་ལྟ་བུར་འགྱུར་ངེས་རེད། སེར་པི་ཡ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་འབྲེལ་དེའི་ནང་ཧུར་ཐག་ཞུགས་རྒྱུ་དང་ཀྲུང་གོ་ཕྱོགས་དང་ཕྱོགས་མང་གི་འཐབ་ཇུས་མཉམ་ལས་དམ་ཟབ་བྱས་ཏེ། ཐུན་མོང་ཐོག་བཙན་དབང་ལ་ངོ་རྒོལ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་སྲུང་སྐྱོང་། རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བཅས་བྱེད་ཀྱི་ཡིན།

གྲོས་མོལ་གྲུབ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས《ཀྲུང་སེར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་དང་མཐོ་རུ་གཏོང་བ་དང་དུས་རབས་གསར་པའི་ཀྲུང་སེར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》ལ་མཉམ་དུ་མཚན་རྟགས་བཀོད་པ་དང་འབྲེལ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། ལྗང་མདོག་འཕེལ་རྒྱས། གྲངས་འཛིན་དཔལ་འབྱོར། དྲ་ཐོག་ཚོང་དོན། རྨང་གཞིའི་སྒྲིག་བཀོད། དཔལ་འབྱོར་ལག་རྩལ། ཆ་འཕྲིན་འཕྲིན་གཏོང་། འབྲུ་རིགས། སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོ་ཞིག་ལ་ཐུན་མོང་ཐོག་དཔང་པོ་གནང་བ་དང་བརྗེ་རེས་གནང་བ་རེད།

རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་དུང་གསར་འགོད་པར་མཉམ་དུ་མཇལ་འཕྲད་གནང་བ་རེད།

ཉིན་དེའི་ཉིན་དགུང་ཝུའུ་ཆི་ཆི་དང་ཐཱ་མ་ལཱ་ཡིས་སེར་པི་ཡའི་ཁང་ཆེན་དུ་ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ལ་དགའ་བསུའི་གསོལ་སྟོན་གཟབ་རྒྱས་བཤམས་པ་རེད།