ཞི་ཅིན་ཕིང་དང་སེར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆིས་ལྷན་དུ་གསར་འགོད་པར་མཇལ་འཕྲད་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-10   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་8ཉིན་གྱི་ཉིན་དགུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེར་ཀེ་ལའེ་ཏེའི་སེར་པི་ཡ་ཐོག་བརྩེགས་ཁང་ཆེན་དུ་སེར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆི་དང་གྲོས་མོལ་གནང་རྗེས་ལྷན་དུ་གསར་འགོད་པར་མཇལ་འཕྲད་གནང་བ།

    ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་8ཉིན་གྱི་ཉིན་དགུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེར་ཀེ་ལའེ་ཏེའི་སེར་པི་ཡ་ཐོག་བརྩེགས་ཁང་ཆེན་དུ་སེར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆི་དང་གྲོས་མོལ་གནང་རྗེས་ལྷན་དུ་གསར་འགོད་པར་མཇལ་འཕྲད་གནང་བ་རེད།

    ཞི་ཅིན་ཕིང་གིས་དང་ཐོག་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་ཙུང་ཐུང་ཝུའུ་ཆི་ཆི་དང་སེར་པི་ཡའི་སྲིད་གཞུང་དང་། དེ་བཞིན་སྤུན་ཟླ་ལྟ་བུའི་སེར་པི་ཡའི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་རེད།

    ཞི་ཅིན་ཕིང་གིས་བསྟན་དོན། 2016ལོར་ངས་སེར་པི་ཡར་རྒྱལ་དོན་འཚམས་འདྲི་བྱེད་སྐབས་སེར་པི་ཡའི་འགོ་ཁྲིད་དང་མི་དམངས་ཀྱིས་སྤྲོ་སེམས་འཁོལ་པོས་སྣེ་ལེན་ཞུས་པ་ད་བར་བརྗེད་པར་དཀའ། ལོ་8སོང་རྗེས་སླར་ཡང་འཚམས་འདྲིར་ཡོང་སྐབས་ཙུང་ཐུང་ཝུའུ་ཆི་ཆིའི་འགོ་ཁྲིད་འོག་སེར་པི་ཡའི་དཔལ་འབྱོར་དང་སྤྱི་ཚོགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་། ཕྱོགས་བསྡུས་རྒྱལ་སྟོབས་ཆེ་རུ་དང་རྒྱལ་སྤྱིའི་གནས་བབ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་བཅས་མཐོང་སྐབས་ང་ཧ་ཅང་དགའ་པོ་བྱུང་། ཀྲུང་གོ་དང་སེར་པི་ཡ་ནི་གྲོགས་པོ་ངོ་མ་དང་རོགས་ཟླ་བཟང་པོ་ཞིག་ཡིན་པས། རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་པ་དང་། དངོས་སྒྲུབ་མཉམ་ལས་ཀྱི་སྤུས་ཚད་མཐོ་རུ་ཕྱིན་པ། ཕྱོགས་མང་མཐུན་སྦྱོར་དམ་ཟབ་དང་བདེ་བླག་ཡོད་པ། ཡུན་རིང་འདྲིས་པའི་མཛའ་བཤེས་གསེར་ལས་ལྷག་པ་ལྟར་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཁ་ཉིན་དགོང་མོ་ཙུང་ཐུང་ཝུའུ་ཆི་ཆི་དང་ཁོང་གི་སྐུ་ཟླ་དང་དེ་བཞིན་ཙུང་ལི་དང་། ཙུང་ཐུང་ཟུར་པ། གྲོས་དཔོན། ཕྱི་འབྲེལ་པུའུ་ཀྲང་སོགས་སྐུ་ངོ་མ་གནམ་ཐང་དུ་ཕེབས་ནས་ང་དང་ངའི་བཟའ་ཟླར་བསུ་བ་ཞུས་པ་མ་ཟད། དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་སེར་པི་ཡའི་འཁྲབ་སྟོན་བཀོད་སྒྲིག་གནང་བར་སེམས་འགུལ་ཆེན་པོ་ཐེབས་བྱུང་། དེ་རིང་སྔ་དྲོ་ཙུང་ཐུང་ཝུའུ་ཆི་ཆིས་སླར་ཡང་སྤྲོ་སེམས་འཁོལ་བའི་མང་ཚོགས་ཀྱི་དགའ་བསུའི་མཛད་སྒོ་གཟབ་རྒྱས་བཀོད་སྒྲིག་གནང་བས། སེར་པི་ཡའི་མི་དམངས་ཀྱིས་ཀྲུང་གོ་དང་ཀྲུང་གོའི་མི་དམངས་ལ་བཅངས་པའི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་ལ་སླར་ཡང་སེམས་འགུལ་ཐེབས་བྱུང་། ད་གིན་ང་དང་ཙུང་ཐུང་ཝུའུ་ཆི་ཆི་གཉིས་ཀྱིས་མཛའ་བརྩེ་དང་མཛའ་གྲོགས་ཀྱི་རྣམ་པའི་ཁྲོད་ཀྲུང་གོ་དང་སེར་པི་ཡའི་འབྲེལ་བ་དང་ཕྱོགས་གཉིས་པོས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་བྱས་ནས་ཐུན་མོང་གི་ངོས་འཛིན་གལ་ཆེན་གསར་པ་མང་པོ་བྱུང་བ་སྟེ།

—— ང་ཚོས་དུས་རབས་གསར་པའི་ཀྲུང་སེར་གྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་གཏོད་རྒྱུའི་ཁྱབ་བསྒྲགས་བྱས་ནས་ཀྲུང་སེར་གྱི་འབྲེལ་བའི་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་གཏོད་ཀྱི་ཡིན། ལོ་བརྒྱད་ཀྱི་གོང་སེར་པི་ཡ་ཡོ་རོབ་དབུས་ཤར་ས་ཁུལ་དུ་ཡོད་པའི་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་དང་པོར་གྱུར་ཡོད། དེ་རིང་སེར་པི་ཡ་སླར་ཡང་ཀྲུང་གོ་དང་མཉམ་དུ་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་ཡོ་རོབ་ཀྱི་རྒྱལ་ཁབ་དང་པོར་གྱུར་བ་དེ་ཐོག་ནས་ཀྲུང་གོ་དང་སེར་པི་ཡའི་འབྲེལ་བའི་འཐབ་ཇུས་རང་བཞིན་དང་། དམིགས་བསལ་རང་བཞིན། ཆུ་ཚད་མཐོ་བ་བཅས་གང་ལེགས་མཚོན་ཡོད།

—— འཐབ་ཇུས་ཀྱི་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད་དུས་རབས་གསར་པའི་ཀྲུང་སེར་གྱི་ལས་དབང་གཅིག་མཐུན་ཚོགས་པའི་སྣེ་ཁྲིད་ཁ་སྒྱུར་བྱེད་པར་ང་ཚོས་མོས་མཐུན་མགྲིན་གཅིག་ཏུ་བྱས་པ་ཡིན། ཕྱོགས་གཉིས་པོས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་རྒྱབ་སྐྱོར་བརྟན་པོ་བྱས་ནས་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་ཆབ་སྲིད་ཀྱི་རྨང་རྡོ་བརྟན་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་སེར་པི་ཡས་རང་བཙན་རང་བདག་མཐའ་འཁྱོངས་དང་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། སེར་པི་ཡས་ཁོའོ་སུའོ་ཨོའི་གནད་དོན་ཐད་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་ཧུར་ཐག་བྱེད་པར་རྒྱབ་སྐྱོར་ཡང་བྱེད་ཀྱི་ཡོད།

—— ང་ཚོས་མཉམ་ལས་ཀྱི་ཡིག་ཆ་མང་པོ་ཞིག་ལ་མིང་རྟགས་བཀོད་པར་དཔང་པོ་བྱས་ཏེ་ཀྲུང་གོ་དང་སེར་པི་ཡའི་མཉམ་ལས་གཉིས་ཕན་ལ་སྒུལ་ནུས་གསར་པ་སྤྲད་པ་ཡིན། ཀྲུང་སེར་གྱི་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ཅིང་། ཕྱོགས་གཉིས་པོས་ཁྱབ་ཁོངས་རྒྱ་ཆེ་བ་དང་། སྤུས་ཚད་མཐོ་བ། ཕན་འབྲས་བཟང་བ་བཅས་ཀྱི་དངོས་སྒྲུབ་མཉམ་ལས་ལ་མུ་མཐུད་སྐུལ་འདེད་བཏང་ནས་ཕན་ཚུན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ལ་རོགས་རམ་གང་ལེགས་བྱ་རྒྱུ་མ་ཟད། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་ཀུན་ཕན་བསྟུན་མཁས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཏུའང་འགྱུར་བ་བྱ་རྒྱུ་ཡིན།

—— འགྲིམ་འགྲུལ་དང་ནུས་རྒྱུའི་རྨང་གཞིའི་སྒྲིག་བཀོད་སོགས་སྲོལ་རྒྱུན་གྱི་ལེགས་ཆ་ལྡན་པའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་གསར་གཏོད་ཀྱི་མཉམ་ལས་དེ་ཕྱོགས་གཉིས་པོའི་འབྲེལ་བའི་འཕར་གཞི་གསར་པར་འགྱུར་བར་ང་ཚོས་མོས་མཐུན་མགྲིན་གཅིག་ཏུ་བྱས་པ་ཡིན། ཁྱབ་ཁོངས་ཁག་གི་མི་སྣ་འགྲོ་འོང་བྱེད་ཤུགས་ཆེ་རུ་བཏང་ནས་རིག་གནས་དང་། སློབ་གསོ། ལུས་རྩལ། ཡུལ་སྐོར། ས་གནས་བཅས་ཀྱི་མཉམ་ལས་ཁྱོན་ཡོངས་ནས་ཟབ་ཏུ་གཏོང་བ་དང་། ཏང་དབར་གྱི་འགྲོ་འོང་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་གི་ཡིན། གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་ཐུན་མོང་ཐོག་དོན་འཁྱོལ་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་གཏོང་རྒྱུ། དྲང་གཞག་དྲང་བདེན་མཐའ་འཁྱོངས་བྱས་ནས་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ཐུན་མོང་ཐོག་ངོ་རྒོལ་བྱེད་རྒྱུ།

    ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་དུས་རབས་གསར་པའི་ཀྲུང་སེར་གྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་རྒྱབ་སྐྱོར་བྱེད་པའི་དུས་ཐེངས་དང་པོའི་དངོས་སྒྲུབ་བྱེད་ཐབས་ཁག་6ཁྱབ་བསྒྲགས་གནང་བ་སྟེ།

    གཅིག་ནི་ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཀྲུང་སེར་གྱི་རང་མོས་ཚོང་དོན་ཆོད་ཡིག་ད་ལོའི་ཟླ་7ཚེས་1ཉིན་ནས་དངོས་སུ་གོ་ཆོད་རྒྱུ་དང་།

    གཉིས་ནི་སེར་པི་ཡས་2027ལོའི་ཆེད་ལས་རིགས་ཀྱི་འཛམ་གླིང་དངོས་མང་སྟོན་ཚོགས་གཉེར་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་དང་། སྐབས་དེ་དུས་ཚོགས་པ་མངགས་ནས་སྟོན་ཚོགས་ལ་ཞུགས་ཏེ་ཀྲུང་གོའི་ཁེ་ལས་ཀྱིས་འབྲེལ་ཡོད་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་ལྕག་བྱེད་རྒྱུ།

    གསུམ་ནི་ཀྲུང་གོ་ཕྱོགས་ཀྱིས་སེར་པི་ཡའི་ཁྱད་ལྡན་སྤུས་ལེགས་ཞིང་ལས་ཐོན་རྫས་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་འདོད་ཡོད། ཕྱོགས་གཉིས་པོས་ལི་ཙི་སྐམ་པོ་དང་འབྲུ་སེའུ་སྔོན་པོ་ཀྲུང་གོར་ཕྱིར་གཏོང་བྱེད་པའི་འགྲོ་ལུགས་གཉེར་ཟིན་པ་མ་ཟད། སེར་པི་ཡའི་འགོ་ཤུགས་ཆེ་བའི་བྱ་རིགས་ཀྱི་ཆམ་རིམས་བཀག་རྒྱ་མེད་པར་བཟོས་ཡོད།

    བཞི་ནི་ཀྲུང་གོ་ཕྱོགས་ཀྱིས་འབྱུང་འགྱུར་ལོ་གསུམ་ནང་སེར་པི་ཡའི་གཞོན་ནུ་ཚན་རིག་མཁས་ཅན་50ཀྲུང་གོར་ཚན་ཞིབ་སྤེལ་རེས་ལ་ཡོང་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ།

    ལྔ་ནི་ཀྲུང་གོ་ཕྱོགས་ཀྱིས་འབྱུང་འགྱུར་ལོ་གསུམ་ནང་སེར་པི་ཡའི་གཞོན་ནུ་ལོ་ཆུང་300ཀྲུང་གོར་སློབ་སྦྱོང་བྱེད་པར་གདན་དྲངས་རྒྱུ།

    དྲུག་ནི་སེར་པི་ཡ་ཕྱོགས་ཀྱིས་པེར་ཀེ་ལའེ་ཏེ་ནས་ཧྲང་ཧའེ་བར་གྱི་ཐད་གཏོང་མཁའ་ལམ་མང་དུ་གཏོང་བར་ཀྲུང་གོ་ཕྱོགས་ཀྱིས་དགའ་བསུ་ཞུ་རྒྱུ་དང་། རྒྱལ་ཁབ་གཉིས་པོའི་མཁའ་འགྲུལ་སྐྱེལ་འདྲེན་ཁེ་ལས་ཀྱིས་པེར་ཀེ་ལའེ་ཏེ་ནས་ཀོང་ཀྲོའུ་བར་གྱི་ཐད་གཏོང་མཁའ་ལམ་ཤར་གཏོང་ཡོང་བར་ལྕག་སྐུལ་བྱ་རྒྱུ་བཅས་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ལོ་རྒྱུས་ལ་ཕྱིར་དྲན་བྱས་ཚེ། ཀྲུང་སེར་གྱི་མཛའ་གྲོགས་དེ་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པའི་འབད་འཐབ་རླབས་པོ་ཆེའི་ཁྲོད་ཆགས་པ་ཞིག་དང་ཁྲག་དྲོན་དང་ཚེ་སྲོག་གིས་བཏོད་པ་ཞིག་རེད། འབྱུང་འགྱུར་ལ་དམིགས་ཚེ། དུས་རབས་གསར་པའི་ཀྲུང་སེར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་ནི་ཕྱོགས་གཉིས་པོའི་འཐབ་ཇུས་ཀྱི་གདམ་ག་ཡིན་པ་དང་། དམིགས་ཡུལ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་མངོན་འགྱུར་ཡོང་བ་དེ་ཡིན་པ། སྒུལ་ཤུགས་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྒྱབ་སྐྱོར་བརྟན་པོ་དང་རྒྱ་ཁྱབ་ངང་ཞུགས་པ་ལས་བྱུང་བ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་སེར་པི་ཡ་ཕྱོགས་དང་ལག་གདང་དཔུང་སྦྲེལ་གྱིས་དུས་རབས་གསར་པའི་ཀྲུང་སེར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་རྒྱང་ལམ་གསར་པར་སྐྱོད་འདོད་ཡོད།

    ཝུའུ་ཆི་ཆིས་གསུངས་དོན། ལོ་8སོང་རྗེས་ཀྲུའུ་ཞི་ཞི་ཅིན་ཕིང་སླར་ཡང་འཚམས་འདྲིར་ཕེབས་པ་དེ་སེར་པི་ཡའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད། སེར་ཀྲུང་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་སེར་པི་ཡའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད། ད་གིན་རང་ཉིད་དང་ཀྲུའུ་ཞི་ཞི་ཅིན་ཕིང་དབར་གྱི་གྲོས་མོལ་གཏིང་ཟབ་ལ་རྒྱ་ཆེ་བ་གནང་བས་ཕན་པ་མི་ཉུང་བ་ཞིག་ཐོབ་བྱུང་། རང་ཉིད་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་དུང་དུས་རབས་གསར་པའི་སེར་ཀྲུང་གི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་མཉམ་འབྲེལ་གསལ་བསྒྲགས་ལ་ཐུན་མོང་ཐོག་མིང་རྟགས་བཀོད་པ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སེར་ཀྲུང་མཉམ་ལས་ལ་རྒྱབ་སྐྱོར་བྱེད་པའི་དངོས་སྒྲུབ་བྱེད་ཐབས་མང་པོ་ཁྱབ་བསྒྲགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོར་ཀྲུང་གོ་ལྟ་བུའི་རླབས་ཆེ་བའི་གྲོགས་པོ་ཡོད་པ་དང་སེར་ཀྲུང་འབྲེལ་བའི་ངེས་གནས་གསར་པར་སྤོབས་པ་སྐྱེ་གི་འདུག་ལ་འབྱུང་འགྱུར་གྱི་སེར་ཀྲུང་འབྲེལ་བར་ཡང་ཡིད་ཆེས་ཀྱིས་ཁེངས་ཡོད། སེར་པི་ཡ་ཕྱོགས་ཀྱིས་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཚང་མའི་ཐད་མུ་མཐུད་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་དང་ལངས་ཕྱོགས་གཅིག་ཏུ་ལངས་ཀྱི་ཡིན། སེར་ཀྲུང་གི་མཛའ་གྲོགས་ཟབ་མོར་སྟོབས་ཤུགས་གང་ཞིག་གིས་ཀྱང་འགོག་རྐྱེན་དང་གཏོར་བཤིག་གཏོང་མི་ཐུབ།