ཞི་ཅིན་ཕིང་སེར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆི་ཡིས་གཉེར་བའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཞུགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-10   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་8ཉིན་གྱི་ཉིན་དགུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་སེར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆི་དང་སྐུ་ཟླས་པེར་ཀེ་ལའེ་ཏེའི་སེར་པི་ཡ་ཐོག་བརྩེགས་ཁང་ཆེན་དུ་གཉེར་བའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཞུགས་པ་རེད། འདི་ནི་ཞི་ཅིན་ཕིང་གིས་བཞེས་རག་སྨོན་ཚིག་སྒྲོན་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་པེར་ཀེ་ལའེ་ཏེ་ནས་ཟླ་5ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་8ཉིན་གྱི་ཉིན་དགུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་སེར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆི་དང་སྐུ་ཟླས་པེར་ཀེ་ལའེ་ཏེའི་སེར་པི་ཡ་ཐོག་བརྩེགས་ཁང་ཆེན་དུ་གཉེར་བའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཞུགས་པ་རེད།

    སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་བཞེས་རག་སྨོན་ཚིག་བསྒྲོན་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། སེར་པི་ཡ་ནི“ཤར་ཕྱོགས་ཀྱི་ནུབ་ཕྱོགས་དང་ནུབ་ཕྱོགས་ཀྱི་ཤར་ཕྱོགས”སུ་གནས་པ་དང་སྔར་ནས་བཟུང“པར་ཀན་གྱི་ལྡེ་མིག”ཅེས་པའི་མཚན་སྙན་གྲགས་ལྡན་ཡོད། ལོ་ངོ་སྟོང་ཕྲག་མང་པོའི་རིང་། ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་ས་ཆེ་མོའི་སྣ་མང་ཤེས་དཔལ་དེ་གར་མཉམ་འདྲེས་བྱུང་ནས་སེར་པི་ཡའི་མི་རིགས་ཀྱི་ལས་ལ་བརྩོན་ཞིང་སེམས་རྒྱུད་བཟང་བ་དང་བློ་བརྟན་འགྱུར་མེད་ཀྱི་གཤིས་རྒྱུད་བཏོད་ཡོད། མིག་སྔར་ཙུང་ཐུང་ཝུའུ་ཆི་ཆི་ཡི་སྣེ་ཁྲིད་འོག་སེར་པི་ཡ་སྲིད་གཞུང་དང་མི་དམངས་ཀྱིས་སྙིང་སྟོབས་ཆེར་སྐྱེད་ཀྱིས་ཡར་རྒྱས་བརྩོན་ལེན་བྱས་པས། དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་དང་དམངས་འཚོ་ལེགས་གཏོང་སོགས་ཁྱབ་ཁོངས་སུ་སྤོབས་པ་ཆེན་པོ་སྐྱེ་འོས་པའི་གྲུབ་འབྲས་ཐོབ་པ་དང་། མི་རིགས་ཀྱི་གདེང་ཚོད་དང་སྤོབས་སེམས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་དར་རྒྱས་ཀྱི་མདུན་ལམ་བསུས་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོའི་མི་དམངས་ཀྱིས་སེར་པི་ཡར་སྔར་ནས་བཟུང་དམིགས་བསལ་གྱི་མཛའ་གྲོགས་དང་བརྩེ་དུང་ཟབ་མོ་འཆང་བཞིན་ཡོད། ཡུ་ཀོ་སི་ལ་ཝི་ཡའི་གློག་བརྙན《ཟམ་པ》དང་གླུ་དབྱངས《ཨ། གྲོགས་པོ། རྗེས་སུ་མཇལ་ཡོང》ཞེས་པ་ཀྲུང་གོར་རྒྱ་ཁྱབ་ཏུ་དར་ཁྱབ་བྱུང་ནས་མི་རྣམས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་དང་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་སྙིང་སྟོབས་འཕེལ་བཞིན་ཡོད་ལ། ངའི་གཞོན་ནུའི་དུས་རབས་ཀྱང་དེ་དང་འགྲོགས་ནས་བསྐྱལ་བ་ཡིན། ཏེ་གཡོད་ཁོའོ་ཝེ་ཆི་དང་། གཡོད་ཅི་ཆི། ཁུའུ་སི་ཐུའུ་ལི་ཁྲ་སོགས་སེར་པི་ཡའི་ལུས་རྩལ་ལས་རིགས་དང་རིག་གནས་ལས་རིགས་ཀྱི་གྲགས་ཅན་མི་སྣ་ཀྲུང་བ་ཚང་མས་ངོ་ཤེས་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་སེར་པི་ཡའི་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒུལ་ཤུགས་ཆེ་རུ་ཕྱིན་པ་དང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཏུ་གྱུར་ཡོད།

    ཞི་ཅིན་ཕིང་གིས་གསུངས་དོན། ད་གིན་ང་དང་ཙུང་ཐུང་ཝུའུ་ཆི་ཆི་ཡིས་ཕྱོགས་ཡོངས་དང་གཏིང་ཟབ་པའི་གྲོས་མོལ་བྱས་ནས་ཐུན་མོང་གི་ངོས་འཛིན་གལ་ཆེན་མང་པོ་ཞིག་གཅིག་མཐུན་བྱུང་ཡོད། ང་ཚོས་ཐུན་མོང་ཐོག་མཉམ་འབྲེལ་གསལ་བསྒྲགས་ལ་མིང་རྟགས་བཀོད་ནས་དུས་རབས་གསར་པའི་ཀྲུང་གོ་དང་སེར་པི་ཡའི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུའི་ཁྱབ་བསྒྲགས་བྱས་པས། ཀྲུང་གོ་དང་སེར་པི་ཡའི་འབྲེལ་བའི་ལོ་རྒྱུས་ཀྱི་མཆོང་སྐྱོད་རླབས་པོ་ཆེ་གསར་པ་མངོན་འགྱུར་བྱུང་ཡོད། ད་ཆ་ཀྲུང་གོ་དང་སེར་པི་ཡའི་འབྲེལ་བ་འགོ་འཛུགས་ས་གསར་རྐྱང་ཞིག་གི་ཐོག་གནས་ཏེ་རྩ་ཆེའི་གོ་སྐབས་དང་འོད་ཟེར་སྟོང་ལྡན་གྱི་མདུན་ལམ་འཕྲད་ཡོད། ཀྲུང་གོ་ཕྱོགས་ཀྱིས་མཛའ་བརྩེ་ལྡན་པའི་སེར་པི་ཡའི་མི་དམངས་དང་མཉམ་དུ་འབད་བརྩོན་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོ་དང་སེར་པི་ཡའི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་ཆེད་རྒྱུན་ཆད་མེད་པར་འབད་འཐབ་བྱེད་འདོད་ཡོད།