ཚེ་ཐག་རིང་བ་དང་ཀླད་པ་གསལ་པོ་རྒྱུན་འཁྱོངས་བྱེད་པའི་ཐབས་མཆོག་ལྔ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 གཅིག    རྒྱུན་མཐུད་ནས་སློབ་སྦྱོང་བྱས་ཏེ་ཀླད་པའི་འགུལ་ཚད་ཇེ་བཟང་དུ་གཏོང་བ།

    ཐ་ཁེ་ནི་ལོ་ན101ལ་སོན་པའི་ཨ་རིའི་དབང་རྩའི་སྨན་པ་མཁས་ཅན་ཞིག་ཡིན། ཁོང་གིས་བཤད་ན།  གལ་ཏེ་ཁྱེད་ལ་རང་ཉིད་དགའ་མོས་ཡོད་པའི་ལས་ཀ་ཞིག་ཡོད་པ་དེ་ད་དུང་ལུས་ཕུང་གི་ཆ་རྐྱེན་བཟང་ནས་མུ་མཐུད་དུ་ལས་ཀ་སྒྲུབ་ཐུབ་ན་ལས་འཁྱུར་ངལ་གསོ་བྱ་རྒྱུ་ཕྱིར་འགྱངས་བྱེད་པར་བསམ་བློ་བཏང་ཆོག    རྒྱུ་མཚན་ནི་མི་མང་པོ་ཞིག་ལས་འཁྱུར་ངལ་གསོ་བྱས་རྗེས་འཚོ་བ་མཚམས་འཇོག་འགོ་ཚུགས་ཡོད་པ་དང་།   གསོན་ཤུགས་མེད་པར་ཆགས་ནས་ཐ་ན་ཤེས་རྟོགས་ཀྱི་ནུས་པའང་ཇེ་ཞན་དུ་འགྲོ་བཞིན་ཡོད། མི་མང་ཆེ་བས་ལས་འཁྱུར་ངལ་གསོའི་སྐོར་ལ་ཐེ་ཚོམ་དང་བསམ་བློ་གཏོང་སྐབས།  སྐབས་དེར་ལོ་67ལ་སླེབས་པའི་སྨན་པ་ཐ་ཁེས་འགྲན་སློང་གསར་པ་བདམས་ཏེ།  མུ་མཐུད་དུ་སློབ་སྦྱོང་བྱས་ནས་ཁྲིམས་རྩོད་པར་རྒྱུགས་འཕྲོད་པ་དང་ཁྲིམས་རྩོད་པའི་ཐོབ་ཐང་རེག་ཐུབ་པ་བྱུང་།    ཁོང་གིས་ཉལ་ཁྲིའི་ཐོག་ལྷུང་བའམ་རྒན་གསོ་ཁང་དུ་རིམ་གྱིས་འཆི་བ་དང་བསྡུར་ན་ཁོང་གིས་མུ་མཐུད་མི་ཚེའི་ལོངས་སྤྱོད་བྱེད་འདོད་ཡོད། དེ་ནི་ཁོང་གི་ངོས་ནས་བརྗོད་ན་སྤྲོ་སྣང་ཆེན་པོ་ཞིག་རེད།  གང་ལགས་ཤེ་ན། ངས་ཉིན་ལྟར་ཤེས་བྱ་གསར་པ་སློབ་སྦྱོང་བྱེད་ཀྱི་ཡོད་པས་རེད།  སྨན་པ་ཐ་ཁེ་ཡི་ངོས་ནས་བརྗོད་ན། ཀླད་པའི་བདེ་ཐང་རྒྱུན་འཁྱོངས་བྱེད་པའི་ཐབས་ཤེས་ནི་མུ་མཐུད་དཔེ་ཀློག་བྱ་རྒྱུ་དེ་ཡིན། “དབང་རྩའི་ནད་རིག་པའི་འཕེལ་རིམ་གསར་ཤོས་དང་སྨན་བཅོས་བྱེད་ཐབས་ཕུད།  ང་ཡང་རྣམ་ཐར་དང་མྱུལ་ཞིབ་ཀྱི་གཏམ་རྒྱུད་ཀློག་རྒྱུར་དགའ་པོ་ཡོད”ཅེས་བཤད། དེབ་ཡག་པོ་ཞིག་གི་ནང་དུ་འཛུལ་ནས་བརྩམས་སྒྲུང་དང་བརྩམས་སྒྲུང་མིན་པ་གང་ཡིན་རུང་ཀླད་པས་ཆ་འཕྲིན་འབོར་ཆེན་ཐག་གཅོད་བྱེད་དགོས། ཁོང་གིས་ཆ་འཕྲིན་གསར་པ་ནི་ཀླད་པ་རྣོ་ཞིང་མྱུར་བར་རྒྱུན་འཁྱོངས་བྱེད་པའི་གནད་འགག་ཡིན་པར་ཡིད་ཆེས་ཡོད་ཟེར།

    གཉིས། ལུས་རྩལ་གྱི་གོམས་གཤིས་བཟང་པོ་ཞིག་རྒྱུན་འཁྱོངས་བྱེད་དགོས།

    ལོ་80ལྷག་ཙམ་ལ་སླེབས་པའི་བར་སྨན་པ་ཐ་ཁེ་ཡིས་སྔར་བཞིན་མུ་མཐུད་ཆུ་རྐྱལ་དང་། དལ་རྒྱུགས། རི་འཛེགས་པ། གངས་ཤུད་རྩེད་པ་བཅས་བྱས་ནས་གཟུགས་སྟོབས་འཕེལ་བར་རྒྱུན་འཁྱོངས་བྱེད་ཀྱི་ཡོད། སྨན་པ་ཐ་ཁེ་ཡིས་བདེ་ཐང་རྒྱུན་འཁྱོངས་བྱེད་པའི་དགོས་གལ་རང་བཞིན་ཁོང་དུ་ཆུད་ཡོད། སྨན་པ་ཐ་ཁེ་ལ་ལོ་འདི་འདྲ་མང་པོ་ཞིག་གི་རིང་ལ་ནད་གཞི་ཚབས་ཆེན་ཕོག་མྱོང་མེད།  ལོ་80ཡིན་དུས་གངས་ཤུད་འགྱེད་ནས་རྐེད་ཚིགས་ལ་སྐྱོན་བཟོས་ཀྱང་མི་འགྱངས་པར་ཇེ་དྲག་ཏུ་ཕྱིན་ཡོད། སྨན་པ་ཐ་ཁེ་ད་ཆ་ལོ་100ལ་སླེབས་པས་གངས་ཤུད་མི་རྩེད་པ་དང་འགུལ་སྐྱོད་བྱེད་ནུས་ཀྱང་སྔོན་ཆད་ལས་ཧ་ཅང་ཞན་མོད། འོན་ཀྱང་གཟའ་འཁོར་རེར་དལ་རྒྱུག་འཕྲུལ་ཆས་བཀོལ་ནས་སྤྱི་ལེ་4.8རེ་རྒྱུག་གི་ཡོད།   གལ་ཏེ་དལ་རྒྱུག་བྱེད་པར་སུན་སྣང་སྐྱེས་ཚེ་ཁོང་གིས་དལ་རྒྱུག་བྱེད་ཞོར་གློག་བརྙན་ལ་ལྟ་བ་སོགས་ཅི་ནུས་ཀྱིས་རང་ཉིད་དགའ་བའི་ལུས་རྩལ་རྣམ་གྲངས་ཤིག་རྒྱུན་འཁྱོངས་བྱེད་བཞིན་ཡོད། 

    གསུམ། ཐ་མག་འཐེན་མི་ཉན།  འདི་ལ་གནོད་པ་བརྒྱ་ལས་ཕན་པ་གཅིག་ཀྱང་མེད།   

    སྨན་པ་ཐ་ཁེ་ཡིས་ཐེངས་གཅིག་ལའང་དུ་བ་འཐེན་མ་མྱོང་། ཡིན་ནའང་ཁོས་སྤྱི་ཚོགས་འབྲེལ་འདྲིས་ཀྱི་སྐབས་སུ་མཚམས་རེར་ཆང་ཉུང་ཙམ་འཐུང་གི་ཡོད། སྨན་པ་ཐ་ཁེས་མཐོ་འབྲིང་འདོན་པའི་སྐབས་སུ།  ཁོའི་ཨ་ཕར་དུ་བ་འཐེན་འདོད་པའི་བསམ་ཚུལ་བཏོན། ཁོའི་ཨ་ཕས་ཁོ་ལ་དུ་བ་འཐེན་མིན་དེ་ང་ལ་འབྲེལ་བ་ཡོད་མ་རེད།   མ་གཞི་ནས་ཚེ་སྲོག་ནི་དེ་འདྲའི་ཐུང་བས།  མཁའ་དབུགས་གསར་བ་ལས་གཞན་ད་དུང་གློ་བའི་ནང་དུ་དངོས་པོ་བཙོག་པ་འཇུག་འདོད་པའི་མི་དེ་འདྲ་མང་དོན་ཅི་ཡིན་ནམ་ཞེས་ལན་བཏབ་པ་ན།   དེ་ནས་བཟུང་སྨན་པ་ཐ་ཁེ་ཡིས་དུ་བ་འཐེན་པའི་བསམ་ཚུལ་དེ་མྱུར་དུ་མེད་པར་བཟོས། སྨན་པ་ཐ་ཁེས་བཤད་ན་ཐ་མག་འཐེན་ན་སྐྲན་ནད་དང་གྲིབ་ནད་འཕར་རྩ་དང་འབྲེལ་བ་ཡོད་པའི་ནད། སྙིང་དང་གློ་བའི་ནད་རིགས་སྣ་ཚོགས་འབྱུང་གི་ཡོད། ཐ་མག་འཐེན་པའི་སྐབས་ཐོག་གི་སྐྱིད་སྣང་དང་དེའི་མཇུག་འབྲས་ངན་པ་གཉིས་བསྡུར་ན།  ཁོས་བལྟས་ན་དུ་བ་འཐེན་མིན་ནི་གཏན་ནས་གླེང་རིན་མེད་པ་མངོན་གསལ་རེད་ཟེར།


    བཞི། བཟའ་བཏུང་འོས་འཚམ་རྒྱུན་འཁྱོངས་བྱེད་པ་ལས་ཚད་ལས་བརྒལ་མི་རུང་།

    རྒན་རྒོན་མང་པོ་ཞིག་ནི་རང་གཅུན་གྱི་ངལ་གསོ་བྱ་ཐབས་དང་བཟའ་བཏུང་ལ་དགའ་པོ་ཡོད་པས། རང་ཉིད་ལ་འདི་ཟ་ཆོག་པ་དང་གན་ཟ་མི་ཆོག་པའི་བླང་བྱ་འདོན་གྱི་ཡོད། འོན་ཀྱང་སྨན་པ་ཐ་ཁེ་ཡིས་རང་ཉིད་ལ་ཚོད་འཛིན་བྱ་རྒྱུ་མང་དྲགས་ན་ཚེ་ཐག་ལ་ལྡོག་ནུས་ཐོན་པར་འདོད་ཡོད། “འོས་འཚམ་ཡིན་ཡང་ཚད་ལས་བརྒལ་མི་སྲིད”པའི་འཚོ་བ་སྐྱེལ་སྟངས་ཀྱིས་ད་གཟོད་དུས་ཚོད་རེ་རེ་ལོངས་སྤྱོད་གང་ལེགས་བྱེད་པ་དང་དུས་མཚུངས་སུ་ཡུན་རིང་བདེ་ཐང་རྒྱུན་འཁྱོངས་བྱེད་ཐུབ། “ངས་སྐབས་རེ་ཆང་ཕོར་གང་འཐུང་བའམ་ཡང་ན་གཡག་གི་ཚགས་ཤ་ལྷེབ་མཐུག་གཅིག་ཟ་གི་ཡོད། འོན་ཀྱང་ངས་ཉིན་མ་རེ་རེ་བཞིན་་དེ་ལྟར་ཟ་གི་མེད་ཟེར།   སྨན་པ་ཐ་ཁེའི་བཟའ་ཟླ་ཧྲ་ལ་ལགས་ནི་གཡོས་སྦྱོར་བྱེད་པར་མཁས་ཤིང་རྒྱུན་པར་བདེ་ཐང་དང་སྣ་མང་ཅན་གྱི་བཟའ་བཏུང་གྲ་སྒྲིག་བྱེད་ཀྱི་ཡོད། ཁོ་སྔོ་ཚལ་ཟ་རྒྱུར་དགའ་པོ་ཡོད་པ་དང་། ཟ་ཐེངས་རེ་རེ་སྔོ་ཚལ་ནི་ཆད་རྒྱུ་མེད། ང་རང་ལྷག་པར་དགའ་བའི་སྔོ་ཚད་ནི་པའེ་ཚལ་དང་ཧྭ་ཡེ་ཚལ།  ཀན་ལན་ཚལ་བཅས་ཡིན།  སྨན་པ་ཐ་ཁེ་ཡི་བཟའ་བཏུང་གི་གཙོ་གནད་ནི་སྔོ་ཚལ་དང་སྐྱུ་རུའི་ཚི་སྣུམ་སོགས་བདེ་ཐང་གི་ཞག་ཚིལ་དང་ཤ་ནག་སྤྲི་དཀར།  འབྲུ་རིགས་སྣ་ལྔ་འདྲེས་མའི་ཟས་རིགས་སོགས་བཀོལ་གྱི་ཡོད། ཞིབ་འཇུག་ལས་མངོན་པ་ལྟར་ན། ས་དབུས་རྒྱ་མཚོའི་བཟའ་བཏུང་གོམས་སྲོལ་གྱིས་སྙིང་ཁམས་ཀྱི་ཁྲག་རྩ་ཇེ་དམའ་རུ་གཏོང་ཐུབ། ནད་ཀྱི་ཉེན་ཁ་དང་ཀླད་ཆེན་བདེ་ཐང་ལ་སྐུལ་འདེད་གཏོང་ཐུབ་ཀྱི་ཡོད་པར་བཤད་ཡོད།

    ལྔ།  སྤྲོ་སྣང་གིས་སྒོ་ནས་ཉིན་མ་རེ་རེ་བསྐྱལ་བ། 

    སྨན་པ་ཐ་ཁེས་ལས་ཀ་མི་ལས་པའི་སྐབས་སུ། རང་གི་བུ་ཕྲུག་དང་ཡང་ན་ཚ་བོ་ཚ་མོ་ཚོ་དང་མཉམ་དུ་རྩེད་མོ་རྩེས་པའམ་ལྷན་འཛོམས་བྱུང་ནས་སྐྱིད་ལ་རོལ་གི་ཡོད།  ཁོང་ལ་ཁྱོན་བུ་ཕྲུག་4དང་ཚ་བོ་ཚ་མོ10ཡོད་པ་དང་སྐབས་འགར་མཉམ་དུ་གཟའ་མཇུག་གི་དུས་ཚོད་སྤྲོ་པོ་རོལ་ནས་གངས་ཤུད་འཕྲུལ་འཁོར་ཉམས་ལེན་བྱེད་པའམ་ཡང་ན་ལུས་རྩལ་འགྲན་བསྡུར་ལ་ལྟ་གི་ཡོད། “ཚང་མས་ཚེ་ཐག་རིང་བར་སྤྱི་འགྲོས་ཤིག་ཡོད་སྙམ་གྱི་ཡོད།  ངས་བལྟས་ན། ཉིན་མ་རེ་རེར་སྤྲོ་སྣང་གིས་ལོངས་སྤྱོད་བྱ་རྒྱུ་དེ་ནི་གཙོ་གནད་ཡིན་པར་འདོད་ཟེར།   ཚེ་ཐག་རིང་བའི་གཞི་རྒྱུ་ཞིག་ཡོད་པ་ནི་ཤིན་ཏུ་དགའ་འོས་པའི་དོན་དག་ཅིག་ཡིན་མོད།   དེ་བས་གལ་ཆེ་བ་ཞིག་ནི་ཁོང་གི་བདེ་ཐང་གི་བཟའ་བཏུང་གོམས་གཤིས་དང་། འཚོ་བར་བཅངས་པའི་དགའ་སྣང་། དེ་བཞིན་ནད་པ་དང་། སློབ་མ། ནང་མི་བཅས་དང་འབྲེལ་འདྲིས་དམ་ཟབ་བྱེད་པ་དེ་རེད། རྒྱུ་རྐྱེན་འདི་དག་སྤྱི་ལ་བརྟེན་ནས་ཁོ་བོ་ཚེ་ཐག་རིང་ཞིང་། ཡིད་ཚིམ་པའི་འཚོ་བ་ཞིག་རོལ་ཐུབ་པ་བྱུང་ཡོད།  ང་ཚོས་ཀྱང་ཚེ་ཐག་རིང་བའི་རྒན་པོ་འདིའི་འགྲོ་འདུག་སྤྱོད་གསུམ་དང་ཤ་ཚ་བའི་སྙིང་གཏམ་ལ་བརྟེན་ནས་བདེ་ཐང་གི་འཚོ་བ་ཞིག་རོལ་ཆོག་པ་ཡིན།