ཡར་ལངས་མ་ཐག་ཏུ་ཁ་པར་ལ་བལྟས་ན་གནོད་པ་མང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

བརྡ་འཕྲིན་གྱི་དུས་རབས་འདིར།འཕྲིན་གཏོང་ཡོ་བྱད་ནི་ང་ཚོའི་འཚོ་བའི་ཁྲོད་དུ་རྒྱུན་པར་བེད་སྤྱོད་པའི་ལག་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།  དེང་སང་ཞོགས་པ་མལ་ལས་ལངས་མ་ཐག་ཁ་པར་ལ་བལྟ་བ་ནི་མི་མང་པོ་ཞིག་གི་གོམས་གཤིས་སུ་གྱུར་ཡོད།   ཤེས་མེད་ཚོར་མེད་ཀྱི་ངང་ནས་གསར་འགྱུར་ལ་ཉུང་ཙམ་བལྟ་བ་དང་།  གྲོགས་པོའི་ཚོམས་ལ་བལྟ་བ།  མགྱོགས་འཕྲིན་དང་འདར་དབྱངས་ལ་བལྟ་བ་སོགས་ཆུ་ཚོད་ཕྱེད་ཙམ་ནི་ཅི་ལྟར་འགོར་བའང་ཤེས་ཀྱི་མེད།  དེ་ནས་རིམ་བཞིན་ཡར་ལངས་ནས་ཉིན་གཅིག་གི་འཚོ་བའི་མགོ་རྩོམ་བཞིན་ཡོད། 

     དྲང་མོར་བཤད་ན།མལ་ལངས་ལངས་རྗེས་ཀྱི་ཆུ་ཚོད་གཅིག་གི་འཚོ་བའི་རྣམ་པ་དེས་ཉིན་གཅིག་གི་བྱ་བར་ཤུགས་རྐྱེན་ཐེབས་བཞིན་ཡོད་ལ་ཐད་ཀར་དུ་ཉིན་གཅིག་གི་ཚོར་སྣང་དང་སེམས་ཁམས།   མཉམ་འཇོག་ཤུགས་སོགས་སྤྱིའི་ཆུ་ཚད་ཐག་གཅོད་བཞིན་ཡོད།     ངེས་པར་དུ་སེམས་ནས་ཤེས་དགོས་པ་ཞིག་ནི།  སད་མ་ཐག་ཏུ་ཁ་པར་ལ་བལྟ་བའི་གོམས་གཤིས་དེ་བསྒྱུར་དགོས།    ཁ་པར་ལ་བལྟ་ཙམ་བལྟ་ཙམ་བྱས་པས་ཆོག་འདོད་པའི་སེམས་ཁམས་དེ་ཡོད་མི་རུང་།   གཙོ་བོ་ནི་ཁ་པར་ལ་བལྟས་ཙམ་གྱིས་ཡར་མར་སྣ་ཚོགས་ལ་བལྟས་ནས་དུས་ཚོད་ཅི་ལྟར་འགོར་བ་ཤེས་དཀའ་ལ་ཁ་པར་ལ་བལྟ་བའི་གོ་རིམ་ཁྲོད་ཁྱོད་ཀྱི་ལུས་སྟོབས་དང་རྣམ་རིག་ཇེ་ཟད་དུ་བཏང་ནས་སེམས་ཁམས་མི་སྐྱིད་པ་དང་རྣམ་རིག་མི་གསལ་བར་བཏང་ནས་སྤྲོ་སྣང་མེད་པའི་ཉིན་གཅིག་གི་མགོ་རྩོམ་བཞིན་ཡོད།    

     རྒྱུན་ལྡན་ཡིན་ན།ང་ཚོ་སད་མ་ཐད་ཡར་ལངས་ནས་སྒྲུབ་པར་འོས་པ་ནི།   སོ་དང་ངོ་བཀྲུ་བ་དང་།   ཞོགས་ཟས་ཟ་བ།   ལུས་པོ་གཙང་མ་བྱེད་པ། སློབ་སྦྱོང་སོགས་བྱས་ན་སེམས་ཁམས་ཇེ་ཡངས་དང་།   རྣམ་རིག་ཇེ་གསལ་ཡིན་པས་སྤྲོ་སྣང་ལྡན་པའི་ཉིན་གཅིག་རོལ་ཆོག་གི་ཡོད།  

    ཞོགས་པ་སད་མ་ཐག   མིའི་ཀླད་པ་ནི་ད་དུང་ངལ་གསོའི་གནས་སྐབས་སུ་བསྡད་ཡོད་པས་སད་མ་ཐག་ཏུ་ཁ་པར་ལ་བལྟས་ན་ཀླད་པ་སླ་ལྡིང་བྱེད་དྲགས་ནས་སེམས་ཁམས་ཀྱི་དྲན་ཚུལ་སྙོམས་སྒྲིག་མི་མཉམ་པ་དང་།   སེམས་ཀྱི་དྲན་པ་མི་གསལ་བ།  ཡང་ན་སེམས་ལ་འཚིག་པ་ཟ་བའམ་གནོན་ཤུགས་ཡོང་གི་ཡོད།  

    ལུས་པོའི་བདེ་ཐང་ལ་ཐད་ཀར་གནོད་བསྐྱལ་བཞིན་ཡོད།དུས་ཡུན་རིང་བོར་ཁ་པར་བལྟས་ན་སྐེད་ཚིགས་ན་བ་དང་།   མགོ་ན་བ།  མིག་ལ་ཟྭ་འཕྲུག་ལངས་པའམ་མིག་ཆུ་བཞུར་བ་སོགས་ལུས་པོའི་སྟོབས་ཤུགས་ཟད་ནས་ཉིན་གཅིག་གི་ལས་ཀ་སྟབས་བདེ་ཙམ་ལས་ཀྱང་སེམས་ཤུགས་མེད་པའི་སྣང་ཚུལ་ཆགས་ཀྱི་ཡོད། 

    བློ་རྩེ་གཅིག་ཏུ་སྒྲིམ་པའི་ནུས་པ་ཇེ་ཞན་དུ་འགྱུར་བཞིན་ཡོད།ཞོགས་པའི་དུས་ལ་ཀླད་པ་ལ་རིམ་བཞིན་སད་རྟོགས་བྱུང་བ་དང་སེམས་ཤུགས་གཅིག་ཏུ་བསྡུ་བའི་དུས་ཚོད་ངེས་ཅན་ཞིག་མཁོ་བ་ཡིན།   ཁ་པར་སྤྱོད་ཡུན་མང་ན་ཁྱོད་ཀྱི་བློ་རྩེ་གཅིག་ཏུ་སྒྲིམ་པའི་ནུས་པ་སིལ་བུར་འཐོར་བའམ་ཤུགས་རྐྱེན་ངེས་ཅན་ཐེབས་ནས་ཁྱོད་ཀྱིས་དོན་དག་གཙོ་བོ་ཞིག་སྒྲུབ་པར་སེམས་ཤུགས་མི་འདང་བའི་གནས་ཚུལ་ཐོན་ཡོང་།      

    ཁ་པར་འཆར་ཤེལ་ནང་གི་འོད་སྔོན་པོས་ཁྱོད་ཀྱི་རྒྱུན་ལྡན་འཚོ་བའི་ངལ་གསོའི་གོམས་གཤིས་ལ་ཐེ་གཏོགས་བྱས་ནས་ཁྱོད་ཀྱི་ལུས་པོ་ནི་ཉིན་མཚན་གཉིས་ཀྱི་རྒྱུན་ལྡན་གོམས་གཤིས་དང་མི་འཚམས་པར་བཏང་ནས་དགོང་མོའི་དུས་སུ་གཉིད་དཀའ་བ་སོགས་ཀྱི་དཀའ་ཁག་བཟོ་སྲིད། ལྷག་པར་གློག་གཟུམ་ནས་ཁ་པར་ལ་བལྟས་ན་མིག་གི་ནུས་པར་གནོད་འཚེ་ཚབས་ཆེན་བཟོ་དང་བཟོ་བཞིན་པ་ནི་ང་ཚོའི་མིག་མཐོང་ལག་ཟིན་དུ་སྣང་བས་ཚད་དང་རན་པའི་སྒོ་ནས་ཁ་པར་ལ་བལྟ་བའི་འབོད་སྐུལ་གནང་བ་ཡིན།