“སོར་རྩེའི་ལག་རྩལ”“སོར་རྩེའི་དཔལ་འབྱོར་”ཏུ་བསྒྱུར།

རྩོམ་པ་པོ།   ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2024-05-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    མཚོ་སྔོན་ས་གནས་ཀྱི་ཁྱད་ཆོས་མངོན་པར་གསལ་ཞིང་གསར་དར་མི་རིགས་ཀྱི་ལག་ཤེས་ཐོན་རྫས་ནི་ཁྱད་དུ་འཕགས་པའི་དམངས་སྲོལ་རིག་གནས་ཤིག་ཡིན།དེ་ལ་རིག་གནས་ཀྱི་རིན་ཐང་དང་ཚོང་ལས་ཀྱི་རིན་ཐང་ངེས་ཅན་ལྡན་ཡོད།  དཔེར་ན། སྐེ་དཀྲིས་དང་ཁ་བཏགས།  འཇུར་རྟ། མི་རིགས་ཀྱི་རྒྱན་གོས་སོགས་ལྟ་བུ། འདི་དག་ཡོད་ཚད་ལ་ཡོངས་ཁྱབ་རང་བཞིན་དང་མང་ཚོགས་རང་བཞིན།  མ་རྩ་ཉུང་བ། ཡོང་འབབ་དང་ནུས་པ་མངོན་གསལ་ལྡན་པ་སོགས་ཀྱི་ཁྱད་ཆོས་ལྡན།  མི་རབས་ནས་མི་རབས་བར་གྱི་ལག་ཤེས་པས་གསར་གཏོད་དང་མཉམ་འདྲེས་བྱུང་བ་བརྒྱུད། སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་འདི་དག་ལ་གསོན་ཤུགས་གསར་བའི་བཀྲག་མདངས་མངོན་པ་དང་། མང་ཚོགས་རིག་གནས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བའི་ལམ་བུ་ཞིག་ཏུ་གྱུར་བར་མ་ཟད། མཚོ་སྔོན་གྱི་རིག་གནས་ལ་རྒྱུས་ལོན་བྱེད་པའི་སྒེའུ་ཁུང་ལྟ་བུ་ཞིག་ཏུའང་གྱུར་ཡོད།

    སྔ་མོ་ནས་གཅན་ཚ་རྫོང་གྲོང་གསེབ་དར་སྤེལ་ཐོན་ལས་གླིང་དུ་མི་རིགས་ཀྱི་རྒྱན་གོས་བཟོ་བའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པ་ཞིག་ཡོད་པ་ཐོས་མྱོང་།ཁོས་བཟོས་པའི་བོད་ཀྱི་སྲོལ་རྒྱུན་རྒྱན་གོས་ལ་གཅན་ཚ་རྫོང་དང་མཐའ་སྐོར་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་རྣམས་ཀྱི་དགའ་བསུ་ཐོབ་པར་མ་ཟད། རིམ་པ་སོ་སོའི་མི་རིགས་ལག་ཤེས་བཟོ་ལས་ཀྱི་འགྲེམ་སྟོན་སྟེང་ཞུགས་འདུག

   ཟླ5བའི་ཚེས4ཉིན།གསར་འགོད་པ་གཅན་ཚ་རྫོང་གྲོང་གསེབ་དར་སྤེལ་ཐོན་ལས་གླིང་གི་མི་རིགས་རྒྱན་གོས་ཁང་དུ་བསྐྱོད་པ་དང་། རྣམ་པ་སྣ་ཚོགས་དང་བཀྲག་མདངས་རྣམ་པར་འཚེར་བའི་བོད་ཀྱི་རྒྱན་གོས་ཀྱིས་མིག་གི་དབང་བོ་གསོས་ཡོང་། ཚོང་བདག་རིན་ཆེན་རྡོ་རྗེ་ཡིས་སློབ་ཕྲུག་གཉིས་ལ་སེམས་ཞིབ་མོས་ངང་གྱོན་ཆས་འཚེམ་དྲུབ་དང་ཇུས་འགོད་སློབ་བཞིན་འདུག   བཅར་འདྲི་བ་སླེབས་པ་མཐོང་དུས། རིན་ཆེན་རྡོ་རྗེ་ཡིས་རང་ཉིད་ཀྱིས་བཟོས་པའི་བལ་བཟོས་ཁ་བཏགས་འགའ་སྐེ་རུ་བསྒྲོན་ནས། ད་གཟོད་ང་ཚོའི་ཁ་བརྡའི་དབུ་བརྩམས་པ་ཡིན།


    ད་ལོ་ལོ་ཞེ་བརྒྱད་ལ་ཐོན་པའི་རིན་ཆེན་རྡོ་རྗེ་ནི་བོད་ལྭ་བཟོ་མཁན་ཞིག་ཡིན་ལ། མི་རིགས་རྒྱན་གོས་བཟོ་གྲྭ་ཞིག་གི་འགན་འཛིན་པའང་ཡིན།ཁོ་དང་མི་རིགས་རྒྱན་གོས་བར་གྱི་ལས་དབང་ནི་ལག་ཤེས་པ་གཞན་དག་ལས་ཀྱང་ཧ་ཅང་ཀྱག་ཀྱོག་ལྡན་པ་ཞིག་ཡིན།

    གཅན་ཚ་ཚོ་དྲུག་ནས་སྐྱེས་པའི་རིན་ཆེན་རྡོ་རྗེའི་ཁྱིམ་ཚང་གི་ཆ་རྐྱེན་སྤྱིར་བཏང་བ་ཞིག་ཡིན་ལ།ཆུང་དུས་ནས་སློབ་གསོ་མྱོང་བའི་གོ་སྐབས་ཧ་ཅང་ཉག་ཕྲ། ཁྱིམ་ནས་སྒོ་ཕྱུགས་གསོ་སྐྱོང་བྱེད་པ་ནི་ཁོའི་འཚོ་གནས་ཀྱི་བགྲོད་ལམ་ཉག་གཅིག་པུ་ཡིན།  ལོ་ཟླ་རིམ་གྱིས་འདས་པ་དང་བསྟུན་ནས། ཕྱུགས་རིགས་གསོ་སྤེལ་གྱིས་མི་ཚེ་མཐའ་འཁྱོལ་བྱེད་པ་ནི་ཐབས་ཀྱི་མཆོག་མ་ཡིན་པར་ངེས་པར་དུ་ལམ་གཞན་པ་ཞིག་གཏོད་དགོས་པར་འདོད། དེ་ནས་ཁོས་མི་གཞན་ཞ་ལད་ཟློས་ཀྱིས་ཤ་སྐམ་བཟོས་མྱོང་ལ།  མལ་ཐུལ་ཀྱང་བཟོས་མྱོང་། འོན་ཀྱང་ཁོ་ལ་འབྲེལ་ཡོད་ཀྱི་ལག་རྩལ་མེད་པས་འདི་དག་ཡོད་ཚད་ལམ་ལྷོངས་མ་བྱུང་།


    རིན་ཆེན་རྡོ་རྗེ་ཡིས་བཤད་པ་ལྟར་ན།ཁོང་ཚང་ལ་ཡོད་པའི་ལུག་བདུན་བརྒྱ་ནི་ཁོ་དང་བོད་ལྭའི་ལས་དབང་གི་སྦྲེལ་ཐག་ལྟ་བུ་ཡིན། ལུག་བལ་དག་ཤིང་སྡོང་གི་ཡལ་གར་ཡོད་པ་མཐོང་ཐེངས་རེར་ཁོས་བལ་འདི་དག་གིས་ཅི་ཞིག་བཟོ་དགོས་མིན་ལ་བསམ་བློ་གཏོང་ངེས་ཡིན།  མི་རིགས་གྱོན་ཆས་བཟོ་བའི་“ས་བོན”ལ་ཡང་དུས་འདི་ནས་མྱུ་གུ་འབུས། 

    རིན་ཆེན་རྡོ་རྗེ་ཡིས་དངོས་སུ་བོད་ལྭ་བཟོ་བའི་སྟེང་ལ་ལུས་སེམས་ཀྱི་ཤུགས་འདོན་པའི་འགོ་བརྩམས་པ་རེད།ཐོག་མར་ཁོས་དཔེ་ཆ་དང་དྲ་རྒྱ་བརྒྱུད་ནས་འབྲེལ་ཡོད་ཀྱི་ཡིག་ཆ་བསྡུ་རུབ་བྱས་པ་དང་། བོད་ཀྱི་རྒྱན་གོས་ཀྱི་འབྱུང་ཁུངས་དང་ཐོན་རྫས་བཟོ་སྐྲུན་བརྒྱུད་རིམ་ཁྲོད་དགོས་མཁོ་ཡོད་པའི་རྒྱུ་ཆ་རྒྱུས་ལོན་བྱས། བོད་ཀྱི་སྲོལ་རྒྱུན་བོད་ལྭའི་འབྱུང་ཁུངས་ནི་ལྷ་ས་ཡིན་པ་ཤེས་རྟོགས་བྱུང་རྗེས། 2017ལོའི་དབྱར་ཁར་ཁོ་གཅིག་པུ་སྟོད་ཉི་མ་ལྷ་སར་ལག་རྩལ་སློབ་སྦྱོང་བྱེད་པར་བསྐྱོད་པའི་ལམ་དུ་ཞུགས།  ཁེར་བགྲོད་ཁེར་འདུག་དང་གྲ་སྒྲིག་ཚགས་སུ་མ་ཆུད་པའི་དབང་གིས་ཡིད་ཚིམ་པའི་ལག་རྩལ་སྦྱངས་བའི་རེ་འདུན་མ་འགྲུབ་པར་ཟླ་གསུམ་གྱི་རྗེས་སུ་ཕྱིར་མི་ལོག་ཐབས་མེད་དུ་གྱུར།


    ཕ་ཡུལ་ལ་ལོག་རྗེས།རིན་ཆེན་རྡོ་རྗེའི་བོད་ཀྱི་རྒྱན་གོས་བཟོ་སྐྲུན་གྱི་རེ་འདུན་གྱི་མེ་དཔུང་སྔར་ལས་ཀྱང་ཆེ་རུ་ཕྱིན། ལག་རྩལ་དགེ་རྒན་གར་མཆིས་ཕྱོགས་བཞིར་འདྲི་རྩད་བྱས་པ་དང་།  ཤ་ཉེའི་ངོ་སྤྲོད་བྱས་པ་བརྒྱུད། ཁོས་མི་རིགས་རྒྱན་གྲོས་བཟོ་སྐྲུན་གྱི་སྙན་གྲགས་ཆོད་པའི་དགེ་རྒན་ཞིག་ངོ་ཤེས་བྱུང་།  2018ལོའི་ཟླ3པར། ཁོའི་སློབ་སྦྱོང་གི་འགྲུལ་བཞུད་ཡང་བསྐྱར་འགོ་བརྩམས་བྱུང་། མི་ལྔ་ཁྲིད་ནས་ལྷ་སར་ལག་རྩལ་སྦྱང་པར་ཕྱིན་པ་དང་ལོ་གཅིག་འགོར་རྗེས། བོད་ཀྱི་རྒྱན་གོས་བཟོ་བའི་ལག་རྩལ་ལ་བྱང་ཆུབ་པར་གྱུར།

ལྷ་ས་ནས་ཕྱིར་ཐོན་རྗེས།རིན་ཆེན་རྡོ་རྗེ་ཡིས་ཕྱོགས་གང་ས་ནས་མ་དངུལ་བསྡུ་རུབ་བྱས་ནས་བཟོ་གྲྭ་འཛུགས་མགོ་བརྩམས། བརྒྱུད་རིམ་འདིའི་ཁྲོད་ཀྱི་དཀའ་སྡུག་ནི་རིན་ཆེན་རྡོ་རྗེ་ཡི་སེམས་ཀྱི་ངོས་སུ་གསལ་ལེར་ཡོད།  བཅར་འདྲིའི་སྐབས་སུ། རིན་ཆེན་རྡོ་རྗེ་ཡིས་འདྲ་པར་ཞིག་བསྟན་ནས་གདོང་ལ་འཛུམ་གྱིས་གང་ཞོར་“འདི་ནི་ང་ཚོས་ཐེངས་དང་པོར་བཟོས་པའི་བོད་ལྭ་རེད།  ཁྱོད་ལྟོས། སྐབས་དེར་བཟོས་པའི་བོད་ལྭ་དང་སྐེ་དཀྲིས་ནི་ལག་རྩལ་གྱི་དབང་གིས་དེ་འདྲའི་ཚད་ལྡན་ཞིག་མིན་ཡང་།  མང་ཚོགས་རྣམས་འདི་ལ་ཧ་ཅང་དགའ་བར་འདུག  ཁོང་ཚོའི་རྒྱབ་སྐྱོར་དང་ཁས་ལེན་ནི་ང་ལ་མཚོན་ན་འགྲན་ཟླ་བྲལ་བའི་ཡིད་ཆེས་ཤིག་རེད།”“དུས་ད་ལྟ། བཟོ་སྐྲུན་ལག་རྩལ་གྱི་རེ་བ་ནན་མོ་དང་མུ་མཐུད་དུ་འབད་འབུངས་བྱས་པའི་རྐྱེན་གྱིས། ངེད་ཅག་གི་ཐོན་རྫས་ལ་སྔ་ན་མ་མཆིས་པའི་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད”ཅེས་བཤད།


    ལས་གཏོད་ཀྱི་དུས་མགོ་ནས་དངོས་སུ་མི་རིགས་རྒྱན་གོས་བཟོ་སྐྲུན་གྱི་ཚོང་གཉེར་ལམ་ཁར་དངོས་སུ་ཞུགས་པའི་དབར་ལ།རིན་ཆེན་རྡོ་རྗེ་ཡིས་སློབ་སྦྱོང་དང་མདུན་བསྐྱོད། གསར་གཏོད་ཀྱི་མཚམས་བཞག་མ་མྱོང་།  མི་རིགས་རྒྱན་གོས་ལས་གཞན། རིན་ཆེན་རྡོ་རྗེ་ཡིས་འཇུར་རྟ་དང་སྐེ་དཀྲིས།  ཁ་བཏགས། དམངས་ཁྲོད་ལག་ཤེས་ཐོན་རྫས་སོགས་ཐོན་རྫས་གསར་བའང་ལས་མགོ་བརྩམས། གོམ་གང་མདུན་བསྐྱོད་ཀྱིས་རང་གི་ཟོང་རྟགས་འཕེལ་རྒྱས་དང་སྲུང་སྐྱོབ་བྱ་ཆེད།  རིན་ཆེན་རྡོ་རྗེ་ཡིས་སྣ་སྒོ་མོའི་བསམ་ཚུལ་ལ་ཉན་པ་དང་“སྣང་ས”ཞེས་པའི་ཟོང་རྟགས་འདི་རེ་ཞུ་དང་ཐོ་འགོད་བྱས།  ཁོས་གསར་འགོད་པར་བཤད་དོན། ཟོང་རྟགས་ཐོ་འགོད་བྱས་པའི་རྗེས་སུ། མི་རིགས་ཀྱི་རྒྱན་གོས་རེ་རེའི་སྟེང་དུ་ཟོང་རྟགས་འདི་བཀོད་པ་ཡིན་ལ།  “སྣང་ས”ཞེས་པའི་མིང་འདི་མི་རིགས་རྒྱན་གོས་ཀྱི་རིགས་སྟེ་ལག་ཤེས་ཐོན་རྫས་ཁྲོད་ནས་གཟེངས་སུ་ཐོན་པའི་ཡིད་ཆེས་ཡོད་ཟེར།  དུས་ད་ལྟ། རིན་ཆེན་རྡོ་རྗེ་ཡིས་བཟོས་པའི་མི་རིགས་རྒྱན་གོས་ནི་མཚོ་སྔོན་གྱི་མགོ་ལོག་དང་། སི་ཁྲོན། མཚོ་ལྷོ། ཡུའུ་ཧྲུའུ་སོགས་ས་གནས་སོ་སོར་ཁྱབ་ཡོད་ལ། ཞིབ་ཚགས་ཀྱི་བཟོ་རྩལ་དང་རྣམ་པ་གསར་བའི་བཟོ་སྟངས་སོགས་ལ་ཞིང་འབྲོག་མང་ཚོགས་དང་ཡུལ་སྐོར་བ་རྣམས་ཀྱིས་བསྟོད་པའི་མཐེ་བོང་བསྒྲེངས་བཞིན་འདུག    གཞན་ཁོས་གསར་འཛུགས་གནང་བའི་བཟོ་གྲྭའང་ད་ལྟ་ལས་བཟོ་བ་བཞི་བཅུ་ལྷག་གིས་གྲུབ་ཡོད་ལ་ལས་བཟོ་བ་མང་ཆེ་ཤོས་ནི་ས་གནས་ཀྱི་དབང་བོ་སྐྱོན་ཅན་གྱི་མི་སྣ་ཡིན། རྒྱུན་སྡོད་ཀྱི་ལས་བཟོ་བ་རེ་རེའི་ཟླ་རེའི་ཡོང་འབབ་ནི་དམངས་སྒོར3500ལྷག་ཡིན་ལ། དབང་བོ་སྐྱོན་ཅན་ལས་བཟོ་བའི་ཟླ་རེའི་ཡོང་འབབ་དམངས་སྒོར1000ཡས་མས་ཡིན། ལས་བཟོ་བ་ཀུན་བཟང་སྒྲོལ་མས་གསར་འགོད་པར་བཤད་དོན། ཁོ་མོ་ནི་ད་ལོ་ལོ་56ཡིན་ལ། མི་རིགས་རྒྱན་གོས་འཚེམ་བཟོའི་བྱ་བར་ཞུགས་ནས་མི་ལོ8ལྷག་ཕྱིན་ཡོད། ཁོ་མོས་བོད་ལྭ་འཚེམ་བཟོའི་ལག་རྩལ་ནི་ཧ་ཅང་ཁྱད་དུ་འཕགས་པ་དང་རང་གི་བུ་རབས་ཚ་རྒྱུད་ཀྱིས་ཀྱང་ལས་རིགས་འདི་ལ་སློབ་སྦྱོང་དང་རྒྱུན་འཛིན་བྱེད་པར་རེ་བ་བྱེད་བཞིན་ཡོད་ཟེར།

    “དུས་ད་ལྟ་ལྟའི་བར་དུ། ཀྱག་ཀྱོག་ལྡན་པའི་ལག་རྩལ་སློབ་སྦྱོང་གི་བརྒྱུད་རིམ་ནི་ཁོ་བོའི་སེམས་ངོར་གསལ་གྱི་ལེར་མངོན་པ་དང་། ལག་རྩལ་འདིས་ངེད་ཚང་གི་དཔལ་འབྱོར་ཡོང་འབབ་ལ་འགྱུར་ལྡོག་བྱུང་བར་མ་ཟད།  ངའི་མི་ཚེའི་བཞུད་ལམ་ལའང་ཁ་དོག་གསར་བ་ཞིག་བསྣན་བྱུང་།”འདས་ཟིན་པའི་ལོ་ཟླ་དག་ལ་ཕྱི་དྲན་བྱས་ཚེ། རིན་ཆེན་རྡོ་རྗེ་ལ་སྨྲ་མི་ཤེས་པའི་ཚོར་བ་གཞན་ཞིག་སྐྱེས་ཡོང་།

    རིན་ཆེན་རྡོ་རྗེ་ཡིས་རང་གི་ལག་ཟུང་ལ་བརྟེན་ནས་མཚར་སྡུག་ལྡན་པའི་འཚོ་བ་བཞེངས་སྐྲུན་བྱས་པ་དང་། ཁ་དོག་རྣམ་པར་བཀྲ་བའི་མི་རིགས་ཀྱི་རྒྱན་གོས་ནི་ཁོང་གི་ཕྱུག་འགྱུར་གྱི་“གསེར་གྱི་ལྡེ་མིག”ལྟ་བུར་གྱུར་ཡོད་ལ། རིན་ཆེན་རྡོ་རྗེས་གཉེར་བའི་མི་རིགས་རྒྱན་གོས་ཀྱི་བཟོ་གྲྭ་འདི་ཉིད་མཚོ་སྔོན་གྱི་དམངས་སྲོལ་རིག་གནས་ཀྱི་སྒེའུ་ཁུང་གལ་ཆེན་ཞིག་ཏུའང་གྱུར་ཡོད།