རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-27   རྩོམ་ཁུངས།    མི་དམངས་དྲ་བ།
ཤིན་ཧྭ་གསར་འགྱུར་ཁང་ཅི་ནན་ནས་ཟླ་5ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲན་ཏུང་ལ་རྟོག་ཞིབ་གནང་སྐབས། ཧྲན་ཏུང་གིས་རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་དུ་གནས་བབ་ཡག་པོ་བཟུང་བ་དང་འགན་འཁྲི་ལྕི་པོ་ཕྲག་ཏུ་ཁུར་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ་སྒུལ་ཤུགས་སུ་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱེད་པའི་ཐད་མུ་མཐུད་མདུན་དུ་སྐྱོད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གསར་གཏོད་ནུས་པ་ཆེ་རུ་གཏོང་བའི་ཐད་མདུན་དུ་སྐྱོད་པ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་མདུན་དུ་སྐྱོད་པ། ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་གང་མགྱོགས་འཛུགས་སྐྲུན་བྱེད་པ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་མཐོ་ས་གསར་པ་གཏོད་པ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཧྲན་ཏུང་གི་ལེའུ་ཧུར་ཐག་རྩོམ་དགོས་པའི་ནན་བཤད་གནང་བ་རེད།
ཟླ་5ཚེས་22ཉིན་ནས་ཚེས་24ཉིན་བར། ཞི་ཅིན་ཕིང་གིས་ཧྲན་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་ལིན་ཝུའུ་དང་ཧྲེང་ཀྲང་ཀྲོའུ་ནའེ་ཞང་གི་ཕེབས་རོགས་འོག་སྔ་རྗེས་སུ་རི་ཀྲའོ་དང་ཅི་ནན་སོགས་སུ་བརྟག་ཞིབ་གནང་བར་ཕེབས་ཡོད།
ཚེས་22ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཐོག་མར་རི་ཀྲའོ་གྲུ་ཁར་རྟོག་ཞིབ་གནང་བར་ཕེབས་ཤིང་། རི་ཀྲའོ་གྲུ་ཁ་ནི་ནུས་རྒྱུ་དང་མ་བཅོས་རྒྱུ་ཆ་ཆེ་གྲས་ཀྱི་བར་བརྒྱུད་རྟེན་གཞི་གལ་ཆེན་ཞིག་ཡིན་པ་དང་། ཉེ་བའི་ལོ་ཤས་རིང་། རིག་ནུས་ཅན་དང་ལྗང་མདོག་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་དོ་མཉམ་སྒོ་དབྱེ་རྣམ་པའི་ཁྱོན་ཡོངས་རང་འགུལ་ཅན་གྱི་དོས་སྒམ་གྲུ་ཁ་བསྐྲུན་ཡོད། ཞི་ཅིན་ཕིང་གིས་ཧྲན་ཏུང་ཞིང་ཆེན་གྱི་གྲུ་ཁའི་འཕེལ་རྒྱས་འཛུགས་སྐྲུན་དང་རི་ཀྲའོ་གྲུ་ཁའི་འཆར་འགོད་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གསན་པ་དང་འབྲེལ་རང་འགུལ་ཅན་གྱི་དོས་སྒམ་གྲུ་ཁའི་ལས་སྒྲུབ་རྣམ་པར་གཟིགས་ཞིབ་ཀྱང་གནང་བ་རེད། ཁོང་གིས་རི་ཀྲའོ་གྲུ་ཁ་ནི་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་གསར་དུ་བསྐྲུན་པའི་གྲུ་ཁ་ཞིག་ཡིན་པ་དང་། ཉེ་བའི་ལོ་ཤས་རིང་། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་བཏང་ནས་སྲོལ་རྒྱུན་གྲུ་ཁ་ནས་དེང་རབས་ཅན་གྱི་གྲུ་ཁར་སྒྱུར་བཀོད་རིམ་སྤོར་བྱས་པས། དངོས་ཟོག་འདོན་འཇུག་བྱེད་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་མ་ཟད། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་ཉམས་མྱོང་ཡང་བསགས་ཡོད་པས་ཁས་ལེན་བྱེད་རིན་ཡོད་པ་ཞིག་རེད་ཅེས་གསུངས་པ་རེད། ཞི་ཅིན་ཕིང་གིས་གྲུ་ཁའི་ཚན་རྩལ་ལས་དོན་པ་དང་། གཉེར་སྐྱོང་བ། མཚོ་ཐོག་སྐྱེལ་འདྲེན་བ་བཅས་ལ་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་དང་། ཚང་མས་ཡང་འབད་བསྐྱར་འབད་དང་མུ་མཐུད་འབད་འཐབ་བྱས་ཏེ། རི་ཀྲའོ་གྲུ་ཁའི་དོ་དམ་གཉེར་སྐྱང་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
དེ་རྗེས་ཞི་ཅིན་ཕིང་གིས་རི་ཀྲའོ་གྲོང་ཁྱེར་གྱི་ཉི་འོད་མཚོ་ངོགས་ལྗང་མདོག་ལམ་བུར་རྟོག་ཞིབ་གནང་བ་རེད། ཉེ་བའི་ལོ་ཤས་རིང་། རི་ཀྲའོ་གྲོང་ཁྱེར་གྱིས་མཚོ་འགྲམ་གྱི་གྲམ་ཐང་དང་མཚོ་ངོགས་ཀྱི་གཏོར་སྐྱོན་ཕོག་སར་སྐྱེ་ཁམས་སླར་གསོ་བྱས་ཏེ་སྤྱི་ལེ་28ཙམ་ཡོད་པའི་ཉི་འོད་མཚོ་ངོགས་ལྗང་མདོག་ལམ་བུ་བསྐྲུན་ནས་གྲོང་མི་དང་ཡུལ་སྐོར་བར་ལུས་རྩལ་སྤྲོ་གསེང་བྱེད་ས་ཡག་པོ་ཞིག་མཁོ་འདོན་བྱས་ཡོད་པ་རེད། ཞི་ཅིན་ཕིང་གིས་ལྗང་མདོག་ལམ་བུ་ཧྲིལ་པོའི་འཛུགས་སྐྲུན་སྐོར་གྱི་ངོ་སྤྲོད་གསན་པ་དང་། སླར་གསོ་བཅོས་སྐྱོང་བྱས་རྗེས་ཀྱི་མཚོ་ངོགས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གཟིགས་ཞིབ་གནང་ནས་ས་གནས་དེ་གའི་རིག་གནས་ཡུལ་སྐོར་ཐོན་ལས་རིམ་སྤོར་དང་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་སྟངས་དང་ཕན་འབྲས་ཤེས་རྟོགས་གནང་བ་དང་འབྲེལ་སྐབས་སྐབས་སུ་གྲོང་མི་དང་ཡུལ་སྐོར་བ་དང་བྱམས་བརྩེའི་ངང་སྤེལ་རེས་ཀྱང་གནང་བ་རེད། ཁོང་གིས་ལྗང་མདོག་ལམ་བུ་བསྐྲུན་པ་དེ་ནི་གྲོང་མིའི་དགོས་མཁོ་དང་འཚམ་པ་དང་དམངས་སེམས་ཐོབ་པའི་བྱ་བ་ཞིག་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་ནི་མི་དམངས་མང་ཚོགས་ཀྱི་འཚོ་བ་སྔར་བས་ལེགས་སུ་གཏོང་ཆེད་ཡིན། སྐྱེ་ཁམས་ཁོར་ཡུག་བཟང་ན་མི་སེར་ཚོའི་དངོས་དངོས་རྗེན་རྗེན་གྱི་བདེ་སྐྱིད་ཚོར་སེམས་ཆེ་རུ་འགྲོ་ཐུབ། ཚང་མས་ལག་པ་སྒུལ་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་འཛུགས་སྐྲུན་དང་གཅེས་སྤྲས་བྱེད་དགོས་ཞེས་གསུངས་པ་རེད།
ཚེས་24ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཅི་ནན་གྲོང་ཁྱེར་དུ་ཧྲན་ཏུང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་ནས་ཧྲན་ཏུང་གི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཧྲན་ཏུང་གིས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་ལ་ནུས་པ་འདོན་ས་མང་པོ་ཡོད། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོར་དམིགས་ཏེ་སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་མཐོ་རུ་གཏོང་བ་དང་། གསར་དར་ཐོན་ལས་སྐྱེད་སྲིང་སྟོབས་ཆེར་གཏོང་བ། འབྱུང་འགྱུར་ཐོན་ལས་སྔོན་ནས་བཀོད་སྒྲིག་བྱེད་པ་བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་དངོས་ཚན་དཔལ་འབྱོར་དང་གྲངས་འཛིན་དཔལ་འབྱོར་མཉམ་འདྲེས་ཀྱི་ནུས་ཕྱོད་ཕྱོགས་ཡོངས་ནས་འདོན་པ་དང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་དགོས། འཕེལ་རྒྱས་རྣམ་པའི་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་ཚན་རྩལ་གསར་གཏོད་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་འཐབ་ཇུས་དང་འབྲེལ་མཐུད་གཏིང་ཟབ་བྱས་ཏེ་བྱང་ཕྱོགས་ས་ཁུལ་གྱི་དཔལ་འབྱོར་འཕར་སྣེ་གལ་ཆེན་ཞིག་ཏུ་ཧུར་ཐག་འགྱུར་བར་བྱེད་དགོས། རྒྱ་མཚོའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཐུན་མོང་མ་ཡིན་པའི་དགེ་མཚན་བཏོན་ཏེ། རྒྱ་མཚོ་གཉེར་སྐྱོང་དོ་དམ་དང་རྒྱ་མཚོར་ཕྱོགས་ནས་འབད་འཐབ་བྱས་ནས་འཛམ་གླིང་རིམ་པའི་རྒྱ་མཚོའི་གྲུ་ཁའི་ཚོགས་བསྐྲུན་པ་དང་། དེང་རབས་ཀྱི་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མཐོ་ས་སྐྲུན་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཧྲན་ཏུང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བའི་ཐད་སྔོན་ཐོན་བརྩོན་ལེན་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་དམིགས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་མངོན་གསལ་དོད་པའི་འགལ་བ་ཐག་གཅོད་ཡོང་བར་འབད་བརྩོན་བྱེད་པ་དང་། ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གསོན་ཤུགས་འཕེལ་བ། སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་ལ་ཤུགས་རྒྱག་དགོས། རྒྱལ་སྤྱིའི་ཟོག་འགྲེམས་བགྲོད་ལམ་ཆེན་པོ་ཧུར་ཐག་བསྐྲུན་ནས་རང་མོས་ཉོ་ཚོང་ཁུལ་མཉམ་འགུལ་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ལམ་ལུགས་རྣམ་པའི་སྒོ་དབྱེའི་དཔེ་སྟོན་ཁུལ་ཡག་པོ་སྐྲུན་པ། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་མཉམ་འདྲེས་གཏིང་ཟབ་བྱེད་པ། རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ཀྱི་ནུས་པ་ཆེ་བའི་ལས་སྟེགས་གལ་ཆེན་ཧུར་ཐག་གཏོད་པ་བཅས་བྱས་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་རྒྱུན་འཁོར་ཤར་གཏོང་གི་ལྷུ་ཚིགས་གལ་ཆེན་དུ་འགྱུར་གང་ཐུབ་བྱེད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། ཧྲན་ཏུང་ནི་ཞིང་ལས་ཀྱི་ཞིང་ཆེན་ཆེན་པོ་དང་འབྲུ་རིགས་ཀྱི་ཞིང་ཆེན་ཆེན་པོ་ཞིག་ཡིན་པས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པའི་ཐད་འགན་འཁྲི་ལྕི་པོ་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། གྲོང་ཚོའི་འཆར་འགོད་བཟོ་འགོད་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། དེང་རབས་ཞིང་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་དང་ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་འཕེལ་རྒྱས་ཧུར་ཐག་གཏོང་བ་བཅས་བྱས་ནས་ཐོན་ལས་འཁོར་འབྲེལ་རིང་དུ་དང་རིན་ཐང་འཁོར་འབྲེལ་མཐོ་རུ་གཏོང་དགོས། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་འབྲུ་རིགས་ཐོན་འཕར་དང་སྤུས་ཚད་ལེགས་སུ་གཏོང་བར་སྐུལ་འདེད་བཏང་ནས་ཆུ་ཚད་དེ་བས་མཐོ་བའི“ཆི་ལུའུ་འབྲུ་མཛོད”སྐྲུན་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་ཐུན་མོང་འབྱོར་ཕྱུག་གི་ཐབས་ལམ་རྒྱ་སྐྱེད་བཏང་སྟེ་ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་། ཞིང་པའི་ཡོང་འབབ་འཕར་བ། གྲོང་གསེབ་སྐྱ་ནམ་རྒྱས་པ་བཅས་ལ་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་མཐའ་འཁྱོངས་བྱེད་པ། གཞི་རིམ་ཏང་རྩ་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་ལ་འགོ་ཁྲིད་བྱེད་ནུས་ཆེ་རུ་གཏོང་བ། གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་གྲོང་གསེབ་ཞི་མཐུན་བརྟན་ལྷིང་དང་མང་ཚོགས་བདེ་སྡོད་ལས་བརྩོན་གྱི་རྣམ་པ་བཟང་པོ་སྲ་བརྟན་དུ་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཧྲན་ཏུང་གིས་དུས་རབས་གསར་པའི་རིག་གནས་ཀྱི་འགན་འཁྲི་ཁུར་ནས་རིག་གནས་དར་རྒྱས་ལ་སྐུལ་འདེད་དང་། རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྲུན་ཐད་བྱ་སྤྱོད་ཧུར་ཐག་སྤེལ་བ་བཅས་བྱེད་དགོས། རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་སྔོག་འདོན་གཏིང་ཟབ་བྱེད་པ་དང་། གསར་གཏོད་རང་བཞིན་གྱི་འཕོ་འགྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ། རྒྱལ་སྤྱིའི་ཁུང་ཙིའི་རིག་གནས་དུས་ཆེན་སོགས་གཞི་རྟེན་དུ་བྱས་ཏེ་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་གཏིང་ཟབ་ཏུ་བཏང་ནས་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་དགོས། གསར་བརྗེའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་ཡག་པོ་བྱེད་པ་དང་དབྱི་མོང་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་གསར་བརྗེའི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པར་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རྒྱ་ཁྱབ་ཏུ་ལག་ལེན་བསྟར་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་མུ་མཐུད་གཏིང་ཟབ་གཏོང་བ་དང་གྲོང་གསེབ་ཀྱི་གོམས་སྲོལ་སྒྱུར་བར་དམ་འཛིན་ཡག་པོ་བྱས་ཏེ་དེང་རབས་ཀྱི་ཤེས་དཔལ་འདུ་ཤེས་ཀྱི་རྩ་བ་གྲོང་གསེབ་ཏུ་བརྟན་པོ་ཚུགས་པར་བྱེད་དགོས། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་གཏོང་བ་དང་། རིག་གནས་ཀྱི་དམངས་ཕན་འདུ་འགོད་གསར་གཏོད་དང་དོན་འཁྱོལ་བྱེད་པ། རིག་གནས་གྲངས་འཛིན་ཅན་དུ་འགྱུར་བར་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་སྣོན་པ་དང་ཕན་འབྲས་ཆེ་རུ་གཏོང་བ་དང་། ཡུལ་སྐོར་སྤྲོ་གསེང་གི་ནང་དོན་ཕུན་སུམ་ཚོགས་སུ་དང་ཡིད་དབང་འཕྲོག་ཤུགས་ཆེ་རུ་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་ལ་སྲོལ་བཟང་སྣོན་པ་དང་གསོན་ཤུགས་འཕེལ་བ་བཅས་བྱེད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་དགོས། མིག་སྔར་ཏང་ཡོངས་སུ་སྤེལ་བཞིན་པའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ནི་འདི་ལོའི་ཏང་འཛུགས་སྐྱོང་ལས་དོན་གྱི་ལས་འགན་གཙོ་བོ་ཡིན་པས། རིམ་ཁག་ཏང་རྩ་འཛུགས་ཀྱིས་སྒྲིག་འཛུགས་ཞིབ་ཚགས་དང་། སྐུལ་འདེད་ཏན་ཏིག་གཏོང་བ། ཕན་འབྲས་དངོས་ཐོན་པ་བཅས་བྱེད་དགོས། ཉེན་ཟོན་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་གྱོད་དཔེ་དྲངས་ནས་སློབ་སྦྱོང་ལ་སྐུལ་འདེད་དང་གྱོད་དཔེ་དྲངས་ནས་སྒྲིག་ཁྲིམས་གླེང་བར་དམ་འཛིན་ཡག་པོ་བྱས་ཏེ་སེམས་ལ་གུས་སྐྲག་ཡོད་པ་དང་ལག་ཏུ་གཅུན་ལྕག་བཟུང་ནས་རྒྱུན་གཏན་གྱི་རང་རྟོགས་སུ་དངོས་འབྲེལ་འགྱུར་བ་བྱེད་དགོས། ཏང་ཡོན་དང་ལས་བྱེད་པས་ཏང་གི་སྒྲིག་ཁྲིམས་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་དང་ལག་བསྟར་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་སྒྲིག་བཀུར་ཁྲིམས་སྲུང་གི་སྔོན་འགྲོའི་ཆ་རྐྱེན་འོག་བློ་བདེ་པོའི་ངང་ལས་ཀ་བྱེད་པ་དང་། བློ་ཁོག་ཆེན་པོས་བྱ་གཞག་སྒྲུབ་པ། འབད་འབུངས་ཡར་བརྩོན་བྱེད་པ། བྱས་རྗེས་ཧུར་ཐག་འཇོག་པ་བཅས་བྱས་ནས། མི་དམངས་དང་དུས་རབས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བར་བྱས་རྗེས་འཇོག་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བྱས་ཏེ་ཕྱི་ཚུལ་རིང་ལུགས་མུ་མཐུད་བཅོས་སྒྲིག་གཏིང་ཟབ་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་གཞི་རིམ་ལས་བྱེད་པར་ལས་སྒྲུབ་དང་བྱ་གཞག་གསར་གཏོད་བྱེད་པར་ཁོར་ཡུག་བཟང་པོ་ཞིག་སྐྲུན་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ཏེ་དངུལ་རྩའི་སྒྲིག་གཞི་འབྲིང་ཆུང་དང་། ས་གནས་སྲིད་གཞུང་གི་བུ་ལོན། ས་ཁང་བདག་ཁོངས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁར་སྔོན་འགོག་དང་ཉེན་ཁ་སེལ་བའི་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་ཞིབ་ཕྲ་དང་ཏན་ཏིག་བྱས་ཏེ་ཐོན་ཉེན་ཡོད་པའི་ཆུ་ལོག་སོགས་ཀྱི་གནོད་འཚེ་སྔ་ཙམ་སྔོན་འགོག་བྱས་ནས་ཁྱབ་ཁོངས་ཁག་གི་བདེ་འཇགས་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཉེན་ཁ་མ་བྱུང་སྔོན་འགོག་ཏན་ཏིག་བྱས་ནས་བདེ་འཇགས་ཀྱི་མཐའ་ཚད་སྲུང་དགོས།
ཟླ་5ཚེས་23ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཅི་ནན་དུ་བཅའ་སྡོད་དཔུང་སྡེའི་ཧྲང་ཤའོ་དམག་དཔོན་ཡན་གྱི་འགོ་ཁྲིད་ལས་བྱེད་པར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ནས་ཅི་ནན་དུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་དང་འབྲེལ། ཚང་མ་དང་མཉམ་དུ་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་གནང་བ་རེད། ཀྲང་ཡིའུ་ཞ་ལྷན་དུ་ཕེབས་ཡོད་པ་རེད། (རིག་རྡོར་དང་བསོད་བདེ་གཞོན་པས་སྒྱུར་ཞུས་བྱས)