སེམས་ཀྱི་ཉི་ཟླའི་སྣོད་བཅུད་ལུས་རྩལ་སྤྱི་གླིང་གི་རྐང་ཐང་འགྲན་བསྡུར་སྐབས་བརྒྱད་པ་འགོ་ཚུགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ་5པའི་ཚེས་25ཉིན།  གསོན་ཤུགས་ལྡན་པའི་རི་ཆུ་ཀླུང་2024སེམས་ཀྱི་ཉི་ཟླའི་ཕྱི་རོལ་དུ་འགྲོ་བ་སྟེ་སེམས་ཀྱི་ཉི་ཟླའི་སྣོད་བཅུད་ལུས་རྩལ་སྤྱི་གླིང་གི་རྐང་ཐང་འགྲན་བསྡུར་སྐབས་བརྒྱད་པའི་འགོ་ཚུགས་མཛད་སྒོ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་པོ་ཏ་མཚོ་ལྗོངས་ཁུལ་གྱི་ཞོ་རྡོ་མཚོའི་འགྲམ་དུ་སྤེལ་ཏེ།   སྒར་རྒྱག་པ་དང་། རྐང་ཐང་དུ་འགྲོ་བ་སོགས་ཕྱི་རོལ་གྱི་ལུས་རྩལ་ལ་དགའ་མཁན་ཆིག་སྟོང་ལྷག་ཞུགས་ཡོད།

        ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཡན་ལན་དང་།   ཡུན་ནན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཞིང་ཅིན།  ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ།  ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུང་ཡུང་ལི།  ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཡུས་ཀུའེ་ཧྥེན།   ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲེན་ཅུན་མིང་སོགས་འགོ་ཚུགས་མཛད་སྒོར་ཞུགས།  ཞིང་ཅིན་གྱིས་རྟེན་འབྲེལ་ཞུ་ཚིག་ཕུལ་བ་དང་།  ཡུས་ཀུའེ་ཧྥེན་གྱིས་འགོ་ཚུགས་པའི་ཤིས་ཚིག་ཕུལ་བ།  ལི་ཡན་ལན་གྱིས་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་པ་རེད།

        འགོ་ཚུགས་མཛད་སྒོ་རྫོགས་རྗེས། སྐུ་མགྲོན་རྣམས་ཀྱིས་པོ་ཏ་མཚོ་ལྗོངས་ཁུལ་དུ་ཚོགས་ཆུང་གསུམ་ལ་བགོས་ནས་སྤྱི་ལེ་15ཡི་རྐང་ཐང་མར་བསྐྱོད་པ་དང་སྤྱི་ལེ་6གི་ཞོ་རྡོ་མཚོ་མཚོ་སྐོར་རྐང་ཐང་མར་བསྐྱོད་པ། སྤྱི་ལེ་25་ཡི་རྐང་འཁོར་བཞོན་ནས་བསྐྱོད་པ་བཅས་ཉམས་ལེན་བྱས་པ་དང་།  ལུས་རྩལ་པ་སྤྱི་ལེ་15ཡི་སྐྱེ་ཁམས་ལུས་རྩལ་སྤྱི་གླིང་གི་རྐང་ཐང་འགྲན་བསྡུར་ལ་ཞུགས།  འགྲན་བསྡུར་མཇུག་འགྲིལ་རྗེས་ད་དུང་སྣོད་བཅུད་ལུས་རྩལ་སྤྱི་གླིང་གི་རྐང་ཐང་འགྲན་བསྡུར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོ་སྤེལ་བ་དང་། ཨང་518པའི་ཀྲའོ་ཝེ་ལིན་དང་ཨང་229པའི་ཝང་ཤིན་སོ་སོར་སྐྱེས་པའི་རུ་ཁག་དང་བུད་མེད་ཚོགས་ཆུང་གི་རྐང་ཐང་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ་རེད།

        ཤེས་གསལ་བྱུང་དོན།  ཐེངས་འདིའི་བྱེད་སྒོ་ནི་བདེ་ཆེན་ཁུལ་སློབ་གསོ་ལུས་རྩལ་ཅུས་དང་། ཧྲང་ཧའེ་གྲོང་ཁྱེར་པའོ་ཧྲན་ཁུལ་ལུས་རྩལ་ཅུས།  བདེ་ཆེན་ཁུལ་ཡུལ་སྐོར་ཚོགས་པ་ཚད་ཡོད་ཀུང་སི་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་དང་།  དེའི་དམིགས་ཡུལ་ནི་ཡུན་ནན་ཞིང་ཆེན་གྱིས་བཏོན་པའི་"ས་མཐོའི་སྦྱོང་བརྡར་གནས་མཆོག་དང་། ཕྱི་རོལ་ལུས་རྩལ་གྱི་ལྷ་ཡུལ། དུས་བཞིའི་འགྲན་བསྡུར་དགའ་ཚལ་"བཅས་ཀྱི་ལུས་རྩལ་ཐོན་ལས་འཕེལ་རྒྱས་ཀྱི་བཀོད་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ལུས་རྩལ་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བདེ་ཆེན་གྱི་ཕྱི་རོལ་ལུས་རྩལ་ཐོན་ཁུངས་དྲིལ་བསྒྲགས་དང་སྐུལ་འདེད་གཏོང་བ། དཔལ་འབྱོར་ཕྱི་ནང་འཁོར་རྒྱུག་ལ་སྐུལ་འདེད་གཏོང་བ། སྤེལ་རེས་དང་མཉམ་ལས་ལ་སྔར་བས་སྐུལ་འདེད་གཏོང་བ་བཅས་བྱས་ནས་བདེ་ཆེན་འདི་ཉིད་འཛམ་གླིང་གི་རྐང་ཐང་གནས་མཆོག་ཏུ་བསྐྲུན་རྒྱུ་དེ་རེད།