ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-29   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ།

《དུས་རབས་གསར་པར་དབུས་རྒྱུད་ས་ཁུལ་མགྱོགས་མྱུར་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་འགའ་ཞིག》དང《དངུལ་རྩའི་ཉེན་ཁ་འགོག་ཟོན་དང་སེལ་བའི་འགན་འཁྲི་བདའ་འདེད་གཏན་འབེབས(ཚོད་ལྟའི་ལག་བསྟར)》ལ་གྲོས་ཞིབ་བྱས་པ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་27ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས《དུས་རབས་གསར་པར་དབུས་རྒྱུད་ས་ཁུལ་མགྱོགས་མྱུར་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་འགའ་ཞིག》དང《དངུལ་རྩའི་ཉེན་ཁ་འགོག་ཟོན་དང་སེལ་བའི་འགན་འཁྲི་བདའ་འདེད་གཏན་འབེབས(ཚོད་ལྟའི་ལག་བསྟར)》ལ་གྲོས་ཞིབ་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

        ཚོགས་འདུའི་ཐོག་བསྟན་དོན། དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་ཀྱི་བཀོད་ཇུས་གལ་ཆེན་ཞིག་རེད། ཏང་ཀྲུང་དབྱང་གི་འཐབ་ཇུས་ཀྱི་དགོངས་པར་གོ་བ་གཏིང་ཟབ་བླངས་ནས་ཐོག་མཐའ་བར་གསུམ་དུ་དབུས་རྒྱུད་ས་ཁུལ་དེ་རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་རྟེན་གཞི་གལ་ཆེན་དང་། ནུས་རྒྱུ་དང་མ་བཅོས་རྒྱུ་ཆའི་རྟེན་གཞི། དེང་རབས་སྒྲིག་ཆས་བཟོ་སྐྲུན་དང་ལག་རྩལ་མཐོ་བའི་ཐོན་ལས་རྟེན་གཞི། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་ལྟེ་གནས་བཅས་ཡིན་པའི་འཐབ་ཇུས་ཀྱི་ངེས་གནས་ལ་དམ་པོར་དམིགས་པ་དང་གཙོ་གནད་ལས་འགན་ཁག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། དབུས་རྒྱུད་ས་ཁུལ་གྱི་དར་རྒྱས་ལ་ཚད་བརྒལ་གལ་ཆེན་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས།

        ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཚན་སློབ་ཐོན་ཁུངས་གཅིག་སྡུད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་གསར་གཏོད་རང་བཞིན་གྱི་ཚན་རྩལ་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་དགོས། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་སྟེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་མགྱོགས་པོ་བྱེད་པ་དང་། དངོས་ཚན་དཔལ་འབྱོར་གྱི་རྒྱ་སྟོབས་ཆེ་རུ་གཏོང་བ། སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། འབྱུང་འགྱུར་ཐོན་ལས་ཇུས་འགོད་བཀོད་སྒྲིག་བཅས་བྱེད་དགོས། ས་བབ་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། དེང་རབས་ཅན་གྱི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་རྒྱུ་རྐྱེན་གཙོ་བོ་ནུས་ཆེ་དང་། རང་མོས། སྟབས་བདེ་བཅས་ཀྱི་འཁོར་རྒྱུག་ལ་སྐུལ་འདེད་བཏང་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་དེ་བས་ལེགས་པའི་སྒོ་ནས་ཞབས་ཞུ་དང་མཉམ་འདྲེས་ཐུབ་པར་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་དབུས་རྒྱུད་འཛུགས་སྐྲུན་མགྱོགས་པོ་བྱེད་དགོས།  གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། འབྲུ་རིགས་དང་ནུས་རྒྱུའི་ཐོན་ཁུངས་འགན་སྲུང་བྱེད་ནུས་ཆེ་རུ་ཤུགས་ཆེན་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་ཕན་ཚུན་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་གིས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ། ལས་འགན་ཁག་ཞིབ་ཕྲ་དང་ཏན་ཏིག་བཟོ་བ་དང་གསལ་ཐོ་རྣམ་པའི་ཐོག་ནས་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། འབྲེལ་ཡོད་སྡེ་ཚན་གྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཧྲན་ཤིས་དང་། ཨན་ཧུའེ། ཅང་ཤིས། ཧོ་ནན། ཧུའུ་པེ། ཧུའུ་ནན་བཅས་དབུས་རྒྱུད་ཞིང་ཆེན་དྲུག་གིས་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་བ་དང་ལས་ཀའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ནས་དབུས་རྒྱུད་ས་ཁུལ་དར་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས།

        ཚོགས་འདུའི་ཐོག་བསྟན་དོན། དངུལ་རྩའི་ཉེན་ཁ་འགོག་ཟོན་དང་སེལ་བ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་། འཕེལ་རྒྱས་ཀྱི་སྤྱི་ཡོངས། མི་དམངས་ཀྱི་རྒྱུ་ནོར་བདེ་འཇགས་བཅས་དང་འབྲེལ་བ་ཡོད་པས། དེ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་ངེས་པར་དུ་མཆོང་སྐྱོད་བྱེད་དགོས་པའི་འགག་སྒོ་གལ་ཆེན་ཞིག་རེད། 《དངུལ་རྩའི་ཉེན་ཁ་འགོག་ཟོན་དང་སེལ་བའི་འགན་འཁྲི་བདའ་འདེད་གཏན་འབེབས(ཚོད་ལྟའི་ལག་བསྟར)》བཟོས་ནས་བཏོན་པ་ནི་དངུལ་རྩའི་ཁྱབ་ཁོངས་སུ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་དོན་འཁྱོལ་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། ཏང་ཀྲུང་དབྱང་གིས་དངུལ་རྩའི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། དངུལ་རྩའི་ཁྱབ་ཁོངས་ཀྱི་འབྲེལ་ཡོད་དོ་དམ་སྡེ་ཚན་དང་། དངུལ་རྩའི་སྒྲིག་གཞི། ལས་རིགས་གཙོ་གཉེར་སྡེ་ཚན། ས་གནས་ཏང་ཨུད་སྲིད་གཞུང་བཅས་ཀྱི་འགན་འཁྲི་སྔར་བས་ནན་དུ་གཏོང་བ། རིམ་ཁག་འགོ་ཁྲིད་ལས་བྱེད་པར་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། དངུལ་རྩའི་ལྟ་འདོམས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། དངུལ་རྩའི་ཉེན་ཁ་འགོག་ཟོན་དང་སེལ་བ། དངུལ་རྩ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་འགན་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། 《གཏན་འབེབས》ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱས་ཏེ། ནན་པོ་མཐའ་འཁྱོངས་དང་། མཁྲེགས་སར་གཏུག་ཕོད་པ། དོ་དམ་བྱེད་ཕོད་པ་དང་ནན་པོ་བྱེད་ཕོད་པ། དོ་དམ་ངོ་མ་དང་ནན་པོ་ངོ་མ་བཅས་བྱས་ནས། འགན་འཛོལ་ཤོར་ན་ངེས་པར་དུ་བདའ་འདེད་གཏོང་བ་དང་བདའ་འདེད་གཏོང་བར་ངེས་པར་དུ་ནན་པོ་བྱེད་པའི་བརྡ་རྟགས་དྲག་པོ་གཏོང་བ་དང་། དངུལ་རྩའི་ལྟ་འདོམས་ལ“ནུས་ཤུགས་ཡོད་པ”དང་མགོ་ཡོད་མཇུག་ཡོད་ཐུབ་པར་སྐུལ་འདེད་བཏང་སྟེ། དགོངས་གཞི་ནན་པོ་དང་། བྱེད་ཐབས་ནན་པོ། རྣམ་པ་ཟབ་མོ་བཅས་དངུལ་རྩའི་ཁྱབ་ཁོངས་སུ་འཛུགས་པ་དང་འབྲེལ་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས།